བཙན་བྱོལ་ནང་གཞས་ཀྱི་སྐོར་ལ་ཆེད་ལས་བྱེད་མཁན་ཉུང་ཉུང་རེད།

namkhyen_singer1གཞས་པ་བསྟན་འཛིན་རྣམ་མཁྱེན་ནི་བོད་མདོ་ཁམས་ལི་ཐང་གཡོན་རུ་ཧོར་རྙིང་སྡེ་པར་ཕྱི་ལོ་༡༩༨༧ ལོར་སྐྱེས། ༢༠༠༠ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་སྟེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གི་སློབ་གྲྭར་ཞུགས། དེར་འཛིན་རིམ་བརྒྱད་པ་མཐར་ཕྱིན་རྗེས་དྷ་སར་དབྱིན་ཡིག་དང་རོལ་ཆ་སོགས་ལ་སྦྱང་མུས་སུ་ཡོད་པ་རེད། ཁོང་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། གཞས་ཀྱི་སྐོར་ལ་དོ་སྣང་སླེབས་སྟངས་ག་འདྲ་རེད།
ལན། སྤྱིར་གུས་པ་ཆུང་དུས་ནས་གཞས་གཏོང་རྒྱུར་དགའ་པོ་ཞེ་དྲག་ཡོད།  དེ་ནས་གུས་པ་སློབ་གྲྭར་ཡོད་དུས་བོད་གཞས་མང་པོ་འཁྲབ་པ་ཡིན་ལ། རིམ་པས་གཞས་གཏོང་རྒྱུ་ལ་དོ་སྣང་ཆེན་པོ་བྱུང་།

དྲི་བ།  དེ་སྔོན་ཁྱེད་རང་གིས་གཞས་གཙོ་བོ་ག་རེ་རིགས་གཏང་བ་ཡིན།
ལན། དེ་སྔོན་གུས་པས་གཙོ་བོ་བོད་གཞས་དང་ལྷག་པར་ཏུ་བོད་ནང་གི་གཞས་མང་པོ་གཏང་བ་ཡིན། གང་ཡིན་ཟེར་ན་བོད་ནང་གི་གཞས་དེ་ཚོ་གདངས་སྙན་པོ་དང་ཚིག་ཀྱང་ཡག་པོ་འདུག།

དྲི་བ། མི་མང་ཁྲོད་གཞས་ལ་དོ་སྣང་ག་འདྲ་འདུག
namkhyen_singer2ལན། སྤྱིར་དེ་ལ་ལྟ་སྟངས་གཉིས་འདུག་བསམ་གྱི་འདུག  དང་པོ་དེ་སྤྱིར་མི་མང་ཁྲོད་གཞོན་སྐྱེས་ཚོ་མང་ཆེ་བས་མི་རིགས་གཞན་གྱི་གཞས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་པས། བོད་གཞས་ལ་དེ་ཙམ་གྱི་དོ་སྣང་མི་འདུག གང་ཡིན་ཟེར་ན་ལུང་པ་ཡོད་པའི་མི་རྣམས་ཀྱི་གཞས་ལ་མཐུན་རྐྱེན་འཛོམས་པོ་དང་གྲ་འགྲིག་པོ་ཡང་ཡོད་པས་རེད་བསམ་གྱི་འདུག  གཉིས་པ་དེ་ང་ཚོ་བོད་ཀྱི་གླུ་གཞས་སྒྱུ་རྩལ་བ་ཚོ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག། གང་ཡིན་ཟེར་ན་རང་ཅག་བོད་པའི་སྤྱི་ཚོགས་ཁྲོད་བོད་གཞས་ལ་དོ་སྣང་ཆེ་རུ་ཡོང་ཐབས་བྱེད་པར་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་དེ་གནའ་དེང་ཟུང་འབྲེལ་གྱི་ཐོག་དཀའ་ངལ་ལ་མ་འཛེམས་པར་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་མཐོང་།

དྲི་བ། བཙན་བྱོལ་ནང་གི་གཞས་པ་ཞིག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ག་རེ་རེད་།
ལན། བཙན་བྱོལ་ནང་གི་གཞས་པ་ཞིག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ནི་ཁྲོམ་ར་ཆུང་བ་དང་མི་མང་པོས་ཟེར་སྡེར་འདྲ་བཤུས་མང་པོ་བྱེད་ཀྱི་འདུག་པས། ཟེར་སྡེར་བཟོ་སྐྲུན་བྱེད་རྒྱུར་ཁག་པོ་འདུག  དེར་བརྟེན་བོད་པའི་གཞས་པ་ལ་བོད་མིས་རྒྱབ་སྐྱོར་དགོས་པ་གལ་ཆེ་མཐོང་།

དྲི་བ། གཞས་བརྒྱུད་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ག་རེ་ཡོང་གི་འདུག
ལན། གཞས་བརྒྱུད་ནས་སྤྱི་ཚོགས་ནང་ལ་ཤུགས་རྐྱེན་ཆེན་པོ་ཡོང་གི་འདུག་བསམ་གྱི་ཡོད། དཔེར་ན་ང་ཚོ་བོད་པ་ལ་མཚོན་ན་བོད་ནང་གི་གཞས་པ་ཚོས་བློས་གཏོང་ཆེན་པོས་ལ་རྒྱའི་གཞས་མང་པོ་བཏང་བ་གོ་དུས། རང་བཞིན་གྱིས་བོད་མི་ཚོའི་སེམས་ནང་ལ་ཚོར་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད་པ་བཞིན། ལུང་པ་གང་ཞིག་ཡིན་ན་དེ་དེ་བཞིན་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང། གཞས་བརྒྱུད་ནས་སྤྱི་ཚོགས་ཁྲོད་མི་མང་ལ་རིག་གཞུང་དང་ཁོར་ཡུག  ཆབ་སྲིད་སོགས་ཀྱི་གོ་རྟོགས་ཀྱང་ཆེན་པོ་སྤེལ་གྱི་ཡོད་པ་རེད་།

དྲི་བ། བཙན་བྱོལ་ནང་གཞས་ཀྱི་སྐོར་ལ་ཆེད་ལས་བྱེད་མཁན་ཉུང་བའི་རྒྱུ་མཚན་ག་རེ་རེད་དགོངས་ཀྱི་འདུག
namkhyen_singer3ལན། དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཞས་གཅིག་པུའི་ཐོག་ལ་ཆེད་སྦྱོང་བྱེད་སའི་མཚན་ཉིད་ཚང་བའི་སློབ་གྲྭ་མེད་པ་དང་གཅིག བཙན་བྱོལ་གྱི་བོད་པ་ཚོས་བོད་གཞས་ལ་མཐོང་མ་སྤྲད་པ་དང་གཉིས།  ལུང་པ་གཞན་དཔེར་ན་རྒྱ་གར་ལྟ་བུའི་ནང་ཆེད་སྦྱོང་བྱེད་དུ་འགྲོ་དགོས་ན་སློབ་ཡོན་ཆེ་དྲགས་པས་དཔལ་འབྱོར་གྱི་མ་འདང་བར་འགྲོ་མ་ཐུབ་པ་སོགས། མ་འདང་བའི་ཆ་མང་པོ་ཞིག་ཡོད་པས་གཞས་ཀྱི་སྐོར་ལ་ཆེད་ལས་བྱེད་མཁན་ཉུང་ཉུང་རེད།

དྲི་བ།  མ་འོངས་པར་གཞས་ཀྱི་སྐོར་ལ་ལས་འཆར་ག་རེ་ཡོད་།
ལན། ད་ལོ་གུས་པའི་<<དྲན་སྐུལ་>>ཞེས་པའི་ཆེད་སྒྲིག་ཟེར་སྡེར་དང་པོོ་རྒྱ་ཆེའི་མང་ཚོགས་ཀྱི་སྙན་ལམ་དུ་ཕུལ་ཟིན་པ་དང། མ་འོངས་པར་ཡང་མུ་མཐུད་དུ་རང་ཅག་བོད་ཀྱི་རིག་གནས་བཅུའི་ཡ་གྱལ་ཟློས་གར་རིག་གནས་དེ་མི་ཉམས་གོང་འཕེལ་དང། ཉམས་པ་སླར་གསོའི་ཆེད་མུ་མཐུད་དུ་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ནས་རང་རེའི་མི་རིགས་ལ་བཅངས་པའི་བརྩེ་སེམས་མཚོན་ཆེད་གླུ་གཞས་ཆེད་བསྒྲིགས་གང་མང་བཟོ་སྐྲུན་བྱེད་འཆར་ཡོད་པས། རྒྱ་ཆེ་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུར་ཡིད་ཆེས་ཡོད། དེ་ནས་མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་བྱ་བཞག་ཐམས་ཅད་ཡར་ངོས་ཟླ་ལྟར་གོང་དུ་འཕེལ་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས། གུས་པར་བཅར་འདྲིའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༤  ཕྱི་ལོ་ ༢༠༡༢/༡༢/༥ ཐོག་བཀོད།