སློབ་མ་བཅོ་བརྒྱད་འཇུ་བཟུང་བྱས་པ་ལས་བཞི་ཤེས་རྟོགས་བྱུང་འདུག

ཟླ་འདིའི་ཚེས་༡༠ ཉིན་ཨ་མདོ་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་༡༨ རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པའི་ནང་ནས་སློབ་མ་བཞི་སུ་ཡིན་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་ཡང་ཤ་བོ་རྡོ་རྗེས་ཟླ་འདིའི་ཚེས་༡༥ དགོང་མོ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མདོ་སྨད་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཕྲུག་ ༡༨ རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཆེ་བས། སློབ་མ་ཚོ་སུ་ཡིན་ཤེས་རྟོགས་ཐུབ་མེད་ན། ད་ལྟ་ཤེས་རྟོགས་བྱུང་བ་སློབ་མ་དཔལ་ཆེན་རྡོ་རྗེ་དང་། རྡོ་རྗེ་དབང་ཕྱུག  དཔལ་བརྟན་རྡོ་རྗེ་གསུམ་ནི་རྩེ་ཁོག་རྫོང་ཧོར་ཉིན་ཕྱུག་ནས་ཡིན་པ་དང་།  སློབ་མ་བཀྲ་ཤིས་ཚེ་རིང་ནི་གཅན་ཚ་ནས་ཡིན་འདུག

ཤ་བོ་རྡོ་རྗེས་གནས་ཚུལ་འབྲེལ་བརྗོད་གནང་བ་ལྟར་ན། ཉེ་སྔོན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སློབ་མའི་ཞི་རྒོལ་ཁྲོམ་སྐོར་ལ་སྣེ་འཁྲིད་མཁན་གྱི་ཉེས་མིང་འོག  སློབ་ཕྲུག་ ༨ ལ་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་མོད།  ད་ལྟའི་ཆར་སློབ་ཕྲུག་དེ་དག་ལ་ཁྲིམས་ཁང་རང་ནས་ཁྲིམས་ཐག་བཅད་ཟིན་པ་ཞིག་མ་ཡིན་པར། ས་གནས་ཉེན་རྟོག་པས་སློབ་ཕྲུག་རྣམས་ཀྱི་ཕ་མར་སློབ་ཕྲུག་དེ་ཚོར་ལོ་ ༥ རེའི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་པ་ཞིག་ཡིན་འདུག

ཉེ་སྔོན་ནས་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་གུང་གསེང་བཏང་སྟེ། ད་ལྟའི་ཆར་ད་དུང་སློབ་གྲྭ་སྒོ་བརྒྱབ་ནས་སློབ་ཁྲིད་བྱེད་མཚམས་བཞག་ཡོད་འདུག