ཧྥ་རན་སིས་བོད་རྒྱ་གྲོས་མོལ་དགོས་པའི་འབོད་སྐུལ།
རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་ནང་གི་བོད་མི་ ༩༥ བརྒལ་བས་རང་ལུས་མེར་སྲེག་བཏང་བའི་ཆེས་ཛ་དྲག་གི་གནས་སྟངས་ཐོག ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གཞུང་ནས་བོད་ཀྱི་གནད་དོན་སེལ་ཆེད་༧གོང་ས་མཆོག་དང་ལྷན་གྲོས་མོལ་གནང་དགོས་འབོད་སྐུལ་ཞུས་འདུག
དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཧྥ་རན་སིའི་རྒྱལ་ཁབ་དེ་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་རྒྱུ་འགོ་འཛུགས་བྱེད་དགོས། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མོལ་གནང་སྟེ། བོད་རྒྱའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་འཚོལ་དགོས་པའི་ དགོས་འདུན་བཏོན་འདུག དེ་བཞིན་མ་འོངས་པར་རྒྱ་ནག་གཞུང་དང་ཧྥ་རན་སིའི་གཞུང་ཕྱོགས་དབར་ཆབ་སྲིད་ཀྱི་འབྲེལ་ལམ་བརྒྱུད་བོད་ཀྱི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་སྤྱི་དང་རྒྱ་ནག་བར་འབྲེལ་མོལ་སྐབས་ཀྱང་བོད་ཀྱི་གནད་དོན་ མུ་མཐུད་གླེང་སློང་དང་དོ་སྣང་བྱ་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད།།