རང་བཙན་མ་བརྩད་ན་ལོ་རྒྱུས་ལ་རྒྱབ་གཏད་པ་རེད།

2012_12_22རང་བཙན་ཁྱེད་རང་ཚོའི་ཐོབ་ཐང་རེད། བོད་མི་ཚོས་རང་བཙན་འཐབ་རྩོད་བྱེད་མ་ཐུབ་ན་སོ་སོའི་མི་རིགས་ཀྱི་མེས་པོ་དང་། ལོ་རྒྱུས་ཀྱི་བདེན་པ་ལ་རྒྱབ་གཏད་པ་རེད་ཅེས། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་སྐུ་ཞབས་ཨེ་ལོར་སི་བྷར་ལིང་གིས་ས་རཱ་བོད་ཀྱི་མཐོ་སློབ་ཏུ་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཀྱི་སྟེང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་དགུ་བཅུ་གསུམ་བོད་ཀྱི་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་གསར་པའི་ནང་། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་། ཨིན་ཏི་ཡཱ་ན་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོ། སྐུ་ཞབས་ཨེ་ལོར་སི་བྷར་ལིང་གིས“་བོད་ཀྱི་གནས་བབ་”ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཅིག་གོ་སྒྲིག་བྱས་འདུག་ལ། དེར་སཱ་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་བཅར་འདུག

2012_12_22_1དེ་ཡང་སྐུ་ཞབས་ཨེ་ལོར་སི་བྷར་ལིང་གིས་བོད་ཀྱི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས། རྒྱ་གཞུང་གིས་དེ་སྔོན་བོད་དེ་རྒྱ་མི་རིགས་དང་ཐ་དད་ཡིན་པར་ངོས་འཛིན་གྱིས། བོད་མི་རིགས་ལ་ཀླ་ཀློ་ཟེར་བ་སོགས་མཐོང་ཆུང་དང་ཁྱད་གསོད་སྣ་ཚོགས་ཤིག་བྱས་ཡོད་ན་ཡང་། དེང་སང་དགོས་དབང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བཤད་ཀྱི་ཡོད་པ་དེ་ནི། རྒྱ་གཞུང་གིས་ལོ་རྒྱུས་ཀྱི་བདེན་པ་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་ཚུལ་དང་། ལོ་རྒྱུས་ཐོག་བོད་རྒྱ་ཁོངས་སུ་ནམ་ཡང་ཚུད་མྱོང་མེད་པ་སོགས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་གསལ་སྟོན་དང་འབྲེལ། རང་བཙན་ཁྱེད་རང་ཚོའི་ཐོབ་ཐང་ཡིན་ཚུལ་དང་། བོད་མི་ཚོས་རང་བཙན་འཐབ་རྩོད་བྱེད་མ་ཐུབ་ན་སོ་སོའི་མི་རིགས་ཀྱི་མེས་པོ་དང་། ལོ་རྒྱུས་ཀྱི་བདེན་པ་ལ་རྒྱབ་གཏད་པ་ཡིན་ཚུལ་སོགས་བརྗོད་བྱུང་།

ཡང་ཁོང་གིས་བོད་མི་ཚོ་སེམས་ཤུགས་མ་ཆགས་པར་སོ་སོའི་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་བྱེད་དགོས་སྐོར་དང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་མིན་ཐད་དོགས་པ་མེད་སྐོར། རྩ་བས་མི་རིགས་ཤིག་གི་རང་བཙན་འཐབ་རྩོད་དེ། ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ཀྱི་ནང་ཐག་ཆོད་ཡོང་རྒྱུ་དཀའ་མོ་ཡིན་ཚུལ་སོགས་བརྗོད་དེ། ལོ་རྒྱུས་ཀྱི་བདེན་པ་བོད་མི་རིགས་ལ་ཡོད་པས་ནམ་ཞིག་བོད་མི་ཚོར་རྒྱལ་ཁ་ཐོབ་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།

སྐུ་ཞབས་ཨེ་ལོར་སི་བྷར་ལིང་གིས་བོད་ཀྱི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག སྐར་མ་༤༥ རིང་གཏམ་བཤད་གྲུབ་མཐར་སློབ་མ་ཚོ་དང་མཉམ་དུ་དྲི་བ་དྲིིས་ལན་གྱི་གོ་སྐབས་ཀྱང་གནང་སོང་།

གཏམ་བཤད་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སྐུ་ཞབས་ཨེ་ལོར་སི་བྷར་ལིང་ནི་བོད་དོན་རྒྱབ་སྐྱོར་བ་སྔ་ཤོས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཞིག་ཀྱང་ཡིན་པས། བོད་དོན་དང་འབྲེལ་བའི་དེབ་ཀྱང་ཁ་ཤས་ཤིག་འབྲི་མྱོང་ཡོད་པ་རེད་འདུག བགྲོ་གླེང་རྗེས་སུ་སཱ་ར་མཐོ་སློབ་ཀྱི་དྲུང་ཆེ་པ་སངས་ཚེ་རིང་གིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་རེད།།