བོད་མིའི་མང་གཙོའི་སྐོར་གྱི་ངོ་སྤྲོད་ཀྱི་ཟབ་སྦྱོང་།

ཟླ་འདིའི་ཚེས་ ༢༥ ཉིན་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག འཛིན་རིམ་བཅུ་གཅིག་པའི་སློབ་གཉེར་བ་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་དགུ་པ་འགོ་འཛུགས་བྱས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་ཡོད་པ་དང་། སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༣༠ ལྷན་འཛོམས་ཐོག སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོག་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་གསུང་བཤད་གནང་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མ་འོངས་སོ་སོའི་ཤེས་ནུས་དང་བོད་ཀྱི་རྩ་དོན་འགན་ཁུར་འཁྱེར་ཕྱོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་ནས་ལོ་ཉི་ཤུ་ཙམ་འགྲོ་གི་ཡོད། ང་རང་སྒེར་ལ་མཚོན་ན་ཕྱི་ལོ་༢༠༠༢ ནས་ཕྱི་ལོ་༢༠༠༨ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་པ་རེད། དེའི་སྐབས་སུ་འཛིན་རིམ་བཅུ་གཅིག་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དེ་འགོ་འཛུགས་བྱས་པ་དང་། རྩ་བའི་འཛིན་རིམ་བཅུ་གཅིག་བཅུ་གཉིས་དང་མཐོ་སློབ་ཏུ་འགྲོ་བཞིན་པའི་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད། དེ་བཞིན་ཁྱེད་རྣམས་ནས་ཉིན་དགུའི་རིང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་ཚོགས་པ་ཁག་གི་མི་སྣ་ཐུག་རྒྱུ་ཡོད་པས་དོན་ཕན་ལྡན་པ་ཡོང་བའི་རེ་བ་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་གསུངས་དོན། མ་འོངས་པར་གལ་སྲིད་ལྡོག་མེད་དབང་གི་དུས་ཡུན་མང་པོ་ཞིག་ལ་བཙན་བྱོལ་དུ་སྡོད་དགོས་བྱུང་ན། བོད་མིའི་སྒྲིག་འཛུགས་དང་བོད་མིའི་འཐབ་རྩོད་ཀྱི་འགན་ཁྱེད་རྣམ་པའི་མི་རབས་སུ་སླེབས་རྒྱུ་ཡིན་པ་ཤོད་མི་དགོས་པ་རེད། ད་ལྟའི་སྲིད་སྐྱོང་མཆོག་དང་། ང་རང་ཚོགས་གཙོ། ལས་བྱེད་བཅས་གང་ཙམ་བཙན་བྱོལ་ནང་འཚར་ལོངས་བྱུང་བ་རེད། ང་ཚོའི་མི་རབས་ལ་འཕོ་འགྱུར་ཤུགས་ཆེན་པོ་ཕྱིན་ཡོད། ང་ཚོ་བཙན་བྱོལ་དུ་གནས་རིང་དང་བོད་ལ་ལོག་པའི་རྗེས་ཀྱི་འགན་ཡིན་ནའང་འདྲ། བོད་བསྐྱར་གསོ་དང་འཛུགས་སྐྲུན་བྱ་རྒྱུའི་འགན་དེ་གཞོན་སྐྱེས་ཚོར་བབས་ཀྱི་ཡོད་པར་བརྟེན། སོ་སོ་ནས་བརྩིས་ཏེ་སོ་སོའི་ཁྱིམ་ཚང་དང་སྤྱི་ཚོགས། གཞིས་ཆགས། སློབ་གྲྭ་གང་ནས་ཡོང་གི་ཡོད་པ་དང་དེ་ལས་རྒྱ་ཆེ་ཙམ་བལྟས་ན། ང་ཚོའི་ནང་ལྟ་བུ་བོད་མིའི་སྒྲིག་འཛུགས་འདི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ང་སྤེན་པ་ཚེ་རིང་ཚོགས་གཙོར་བདག་པ་ཞིག་མིན་པར་ང་ཚོ་ཚང་མའི་ཡིན་སྟབས། ང་ཚོའི་ཁྱིམ་ཚང་བཞིན་ཕྲུ་གུ་ཚོས་གནས་སྟངས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། ད་ལྟའི་བོད་ནང་གི་ཆབ་སྲིད་ཉག་ཕྲ་བའི་སྐབས་འདིར་རྒྱ་གཞུང་གིས་མི་རིགས་མཉམ་ བསྲེས་སྲིད་བྱུས་འོག་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་མི་འབོར་སྤོ་ཤུགས་དང་། དགོན་སྡེ་ཁག་ཡུལ་སྐོར་སྤྲོ་འཆམ་ཙམ་ལས་དོན་སྙིང་ལྡན་པའི་བསླབ་པ་སློབ་གཉེར་དང་ཆོས་ཕྱོགས་ཀྱི་བྱེད་སྒོ། དགེ་འདུན་པར་ཚོད་འཛིན། བོད་ཀྱི་ཁོར་ཡུག་ཉམས་ཆག སྐད་ཡིག་གོམས་སྲོལ་ཉམས་ཆག་བཏང་དང་གཏོང་མུས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།

ཐེངས་འདིའི་ཉིན་དགུའི་ཟབ་སྦྱོང་འདིར་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་༢༡ ནས་སློབ་ཕྲུག་ཕོ་མོ་གྲངས་༡༠༥ དང་། དགེ་རྒན་གྲངས་༡༨ བཅས་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་གནད་ཡོད་མི་སྣ་༣༠ ཙམ་གྱིས་བརྗོད་གཞི་ཁག་༢༢ ཙམ་གྱི་ཐོག་གསུང་བཤད་གནང་ཡོད་པ་རེད།།