དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག

རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་ས་གནས་ཀྱི་བོད་མིའི་གཞིས་ཆགས་སུ། འདི་ལོ་ཕྱི་ཟླ་ ༡༡ ཚེས་  ༢༣ ཉིན་ནས་འགོ་འཛུགས་ཀྱིས་“བོད་མི་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ།” ཞེས་པའི་དུས་ཚོད་ངེས་མེད་རིང་མི་མང་རེས་མོས་ཀྱིས་ཟས་བཅད་ངོ་རྒོལ་ལས་འགུལ་འགུལ་མཚམས་འཇོག་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ ཕྱེད་ཐོག་ལྷག་དཀར་སྲུང་བརྩིའི་དང་སྟབས་བསྟུན། ཟས་བཅད་ངོ་རྒོལ་མཚམས་འཇོག་སྐབས། མི་མང་འདུ་འཛོམས་ཐོག སྐུ་མགྲོན་གཙོ་བོ་དགུ་བཅུ་གསུམ་གྱི་ཚོགས་གཙོ་འོད་ཟེར་རིན་པོ་ཆེ་གདན་ཞུ་བྱས་ཡོད་པ་དང་། གཞན་ཡང་ཆོས་རིག་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས། ཕྱོགས་བཞུགས་སྤྱི་འཐུས་འཇིགས་མེད་འབྱུང་གནས་དང་། ས་གནས་ལུགས་ཟུང་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་ཁག་གཉིས་ཀྱི་གཅིག་ལྕོགས་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་སོགས་ས་གནས་ཚོགས་སྡེ་ཁག་གི་འཐུས་མི་དང་། གནད་ཡོད་མི་སྣ། མི་མང་བཅས་བཅས་མཉམ་འཛོམས་ཐོག་ཆུ་ཚོད་གཅིག་གི་རིང་ལ་༧རྒྱལ་བའི་ཞབས་བརྟན་དང་། བསྔོ་སྨོན་བསག་ཡོད་པ་དང་། མཆོད་མེ་བརྒྱ་ཚར་སྤར་ནས་བོད་བསྟན་སྲིད་རང་དབང་གི་ཆེད་རང་ལུས་མེ་རུ་སྤར་མཁན་གཙོས་པའི་ལུས་སྲོག་དོར་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། གཞིས་བཞུགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་བྱེད་པར་མཚོན་ཡོད་པ་དང་། མཇུག་ཏུ་སྐུ་མགྲོན་གཙོ་བོས་ཟས་བཅད་ངོ་རྒོལ་བ་དག་ལ་འོ་མ་སྤྲད་དེ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དེ་གནས་སྐབས་མཚམས་འཇོག་བྱས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ལས་འགུལ་དེ་སྦེལ་ཀོབ་ས་གནས་ཀྱི་བོད་མིའི་གཞིས་ཆགས་སུ། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཉིན་གྲངས་ ༣༤ རིང་ཟས་བཅད་ངོ་རྒོལ་བྱས་ཏེ། མི་གྲངས་ ༣༤༠ ལྷག་རེས་ཀྱིས་མཉམ་ཞུགས་བྱུང་ཡོད་པ་དང་རེད་འདུག །

མེ་སོར་གསར་འགོད་པས།