ལོ་གསར་ཚེས་གཅིག་ཉིན་བཏང་།

སང་ཉིན་གྱི་ལམ་ཁ་འཚོལ་བ།

སང་ཉིན་གྱི་ཆེད་དུ་དེ་རིང་བློས་གཏོང་ཞིང་།    ཁ་སང་གི་བྱས་ཉེས་དེ་རིང་བསྐྱར་བསློག་བྱེད་མི་ ཉན།    མགོ་བོ་དྲང་ཐད་ལ་ལངས་ཤིང་གོམ་པ་མིག་མདུན་དུ་སྤོ་ནས་ང་ཉིན་གྱི་ལམ་དུ་བསྐྱོད་དགོས།    

སང་ཉིན་གྱི་འཚོ་གནས་དང་མ་འོངས་པའི་ཕུགས་བསམ་ཡོངས་རྫོགས་དེ་ རིང་ནས་མགོ་འཛུགས་དགོས།སང་ཉིན་གྱི་ལམ་ཁ་ནས་མཁས་པའི་མཚན་སྙན་དང་དུས་རབས་ཀྱི་ རྗེས་སྣེ་འཐེན་ཡོད་ཅིང་།    འབྱོར་ལྡན་གྱི་སྟོབས་ཤུགས་དང་ཡར་ཐོན་གྱི་འཛུན་སྐྲུན་གྱིས་སང་ཉིན་གྱི་ལམ་ཁ་ནས་སྒུག་ཡོད་པས།    ཅིས་ཀྱང་ཕྱིར་ནུད་མེད་པར་སང་ཉིན་ གྱི་ལམ་དུ་བསྐྱོད་དགོས།མགོ་བོ་ཡར་ལ་དགྱེ་ནས་ལྟ་དང་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྐུབ་སྟེགས།        ཨ་རིའི་སྲིད་འཛིན་གྱི་ཅོག་ཙེ།    ནོར་ཝེ་ཞི་བདེའི་གཟེངས་རྟགས།    ཐམས་ཅད་མཁྱེན་པའི་མཚན་བྱང་ཚུན་ཆད་སུས་ཀྱང་སྒེར་བདག་བྱས་མེད་པར་ཁྱོད་ལ་དབང་ཞིང་།    ང་ལ་ཡང་དབང་ཡོད་པས་སང་ཉིན་གྱི་ཆེད་དུ་ཅི་ཡང་ བྱེད་ཕོད་པའི་སྤོབས་སེམས་དང་ང་རྒྱལ་འཆང་དགོས།    ཁ་སང་ལ་རྒྱབ་བཤིག་བྱ་ན་མུ་ ནག་གི་འཇིག་རྟེན་ལས་གཞན་ཅི་ཡང་ལྷག་མེད་པས་ནམ་ཡང་ཕྱིར་བལྟས་མེད་པར་སང་ཉིན་གྱི་ཆེད་དུ་མདུན་མཆོང་དང་འཕག ་འཚག་བྱེད་ནས་ལམ་ལ་ཆས་དགོས།        སང་ཉིན་ནི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ།    དག་པའི་ཞིང་ཁམས་ཀྱི་མཛེས་སྡུག    བདེ་སྐྱིད་དགོས་སྒྲ་ཡི་ལམ་སྣེ་ཡིན་ པས་ཅིས་ཀྱང་སང་ཉིན་ཆེད་དུ་བརྩོན་དགོས།
ལྟོས་དང་ཕམ་ཉེས་དང་གོད་ཆག་ ཡོངས་རྫོགས་སང་ཉིན་ལ་འཐབ་རྩོད་མ་ནུས་པའི་བྱས་འབྲས་ཡིན་ཞིང་།        རྗེས་ ལུས་དང་ཀླ་ཀློའི་གཤིས་ཀ་ཡོངས་རྫོགས་སང་ཉིན་ལ་རྒྱང་བསྐྱོད་མ་ནུས་པས་ལན་པ་ཡིན་པས།    ངོ་གདོང་གི་མིག་དྭངས་ཤིང་།    བྲང་ཁོག་གི་སྙིང་འགུལ་རྒྱུ་ཡོད་ན་སང་ཉིན་གྱི་ལམ་སྣེ་རུ་དེ་རིང་གོམ་ཁ་ཕྱོགས་དགོས།         གསོན་པ་གཟི་བརྗིད་དང་།    འཆི་བ་དོན་ཡོད་བྱས་པའི་སྐྱེ་བོ་ཚོས།    སང་ཉིན་ གྱི་ཆེད་དུ་གཡང་གཟར་དང་བྲག་རོང་ལ་མ་འཛེམ་པར་འཕག་འཚག་དུ་མ་བརྒྱབ་མྱོང་ ཞིང།    ཐེངས་དགུ་འགྱེལ་ཡང་ཐེང་དགུ་ལངས་ནས།    སང་ཉིན་གྱི་ལམ་དུ་ཆས་མྱོང་། སང་ཉིན་གྱི་ལམ་དུ་ཆས་ནས།    དེ་རིང་གི་རྐང་རྗེས་མཐུག་པའི་སྐྱེ་བུ་ཚོ་གཤེགས་ ཤུལ་དུ་ལྟོས་དང་།   འགག་འཕྲང་དང་བཀག་རྒྱ་དུ་མ་ཞིག་ལ་ཚེ་སྲོག་གཏའ་མ་བཞག་ནས།    ལྷག་རླུང་དང་ དྲག་ཆར་དུ་མ་ཞིག་ཐོད་བརྒལ་བྱས་ཏེ་སང་ཉིན་གྱི་ལམ་དུ་ཆས་མྱོང་།    སང་ཉིན་ གྱི་ལམ་དུ་ཆས་པའི་སྐྱེ་བུ་ཚོ་དེ་རིང་གི་ཉེན་ཁ་ལ་གཏན་ནས་མི་འཛེམ་པར་མདུན་ནས་ མདུན་དུ་སང་ཉིན་གྱི་ལམ་དུ་ཆས་དགོས།    སང་ཉིན་གི་ཆེད་དུ་བསྐྱོད་ དགོས།    ཅིས་ཀྱང་བསྐྱོད་དགོས།ང་ཚོ་ག སོན་པ་ནི་སང་ཉིན་གྱི་ཆེད་དུ་ཡིན་པ་ལས་ཁ་སང་གི་ཆེད་དུ་མིན་པས།    མདུན་ནས་ མདུན་དུ་ཕྱིར་བཤིག་མེད་པར་སང་ཉིན་གྱི་ལམ་དུ་བསྐྱོད་དགོས།

 

 

༢༠༡༣་ལོ་གསར་ཚེས་གཅིག་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་ནས་བཏང་།