བོད་མི་འདི་དག་གི་དཀའ་ངལ་ལྷག་མ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༩ ཕྱི་ལོ་ ༢༠༡༣/༡/༢
ཕྱི་ལོ་༢༠༡༣ ཡང་མིག་འོག་ཏུ་སླེབས་ཟིན་ཅིང་ཕྱི་ལོ་༢༠༡༢ དེ་འདས་པའི་ལོ་རྒྱུས་སུ་གྱུར་ཟིན་པ་རེད། འདི་ལྟར་ལོ་ཟླའི་ཁྱུད་ཁོར་དག་རེས་མོས་ཀྱིས་འཁོར་ནས་བོད་པ་རྣམས་བཙན་བྱོལ་དུ་འབྱོར་ནས་ཀྱང་ལོ་ལྔ་བཅུ་ང་གསུམ་ཙམ་འདས་ཟིན།
བཙན་བྱོལ་ནང་ཐོག་མ་སྐྱེས་འཚར་བྱུང་བའི་མི་རབས་རྣམས་ཀྱང་ད་ལྟའི་དུས་སུ་རྒན་པའི་གྲས་སུ་སླེབས་ཟིན་པ་དང། སྐབས་དེའི་དར་མ་རྣམས་ད་ལྟའི་ཆར་མཐོང་ཡུལ་དུ་ཡོད་མཁན་ནི་ཧ་ཅང་ཉུང་ཉུང་དུ་གྱུར་ཟིན་པ་རེད། འོན་ཀྱང་རྒྱ་གར་དུ་སྐྱེས་ཤིང་འཚར་ནའང་ཚང་མས་མི་སེར་གྱི་ཐོབ་ཐང་རག་ཐབས་བྱས་མེད་པར་ལོ་རྟག་པར་དུས་འགྱང་ཞུ་དགོས་པའི་དེབ་འགོད་ལག་ཁྱེར་(R.C)ཞིག་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་ཡོད་པ་དང། ལོ་སྔོན་མ་ནས་བཟུང་རྒྱ་གར་དུ་སྐྱེས་པ་དང་ཡང་ན་རྒྱ་གར་དུ་འཚོ་སྡོད་བྱས་ནས་ལོ་༢༠ ཡན་སོང་ཟིན་པ་རྣམས་ལ་ལོ་ལྔ་རེའི་ནང་དུས་འགྱང་གཅིག་ལས་མི་དགོས་པ་བཟོ་ཐུབ་ཡོད།
སྤྱིར་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཞིག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་གྱི་ཐོབ་ཐང་ཞིག་རག་ཐབས་བྱེད་པར་སོང་ཡོད་པ་དང། རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་དག་ལ་མཚོན་ན། ཡུལ་མི་དང་བསྡུར་ཐབས་གཏན་ནས་མེད་ཀྱང། ད་ལྟའི་ཆར་དེབ་འགོད་ལག་ཁྱེར་དེ་ཁོ་ན་ལ་བརྟེན་ནས་གནས་སྡོད་བྱས་ཡོད་པ་རེད། འོན་ཀྱང་འགྲིམ་འགྲུལ་དང། ཚོང་འཁོས་སོགས་གང་ཐད་ནས་རྒྱ་གར་གཞུང་གིས་གུ་ཡངས་ཀྱི་རང་བཞིན་ཡོད་པ་གནང་ཡོད་པ་མ་ཟད། ད་དུང་བོད་མི་སྐྱབས་བཅོལ་བ་རྣམས་ལའང་རྒྱ་གར་དུ་ཐོབ་ཐང་ཡང་གང་འཚམས་ཤིག་རག་ཐུབ་ཀྱི་ཡོད། བོད་དོན་བདེན་མཐའ་མགྱོགས་མྱུར་མ་གསལ་བའི་དབང་དུ་བཏང་ན་གནས་སྟངས་ག་འདྲ་ཞིག་སླེབས་ཡོང་མིན་སུས་བཤད་ཤེས་ཀྱང། ད་ལྟའི་ཆར་ཕྱོགས་ཡོངས་ནས་སྐྱབས་བཅོལ་བ་ཞིག་གི་གནས་སྟངས་དང། ཡང་དགོས་རྒྱ་གར་དུ་སྐྱབས་བཅོལ་ཞུ་མཁན་ཞིག་གི་ངོས་ནས་བཤད་ན་དཀའ་ངལ་ཆེན་པོ་དེ་ཙམ་མེད་པ་རེད།
དེང་སྐབས་བོད་ནས་ཡོང་མཁན་ཧ་ཅང་ཉུང་ནའང་ཡོང་མཁན་རྣམས་ལ་རྒྱ་གར་དུ་གནས་སྡོད་ཆོག་པའི་དེབ་འགོད་ལག་ཁྱེར་རག་རྒྱུར་དཀའ་ངལ་གང་ཡང་མེད་པར། བལ་ཡུལ་སྣེ་ལེན་ཁང་གི་ཡིག་ཆ་དང་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་གཉིས་ཡོད་ན་སྣེ་ལེན་ཁང་དུ་ཡོད་སྐབས་ནས་རག་གི་ཡོད་པས། འདི་དག་ལའང་དཀའ་ངལ་སྔོན་མ་དང་བསྡུར་ན་གཏན་ནས་མེད་པ་རེད། དམིགས་བསལ་འཛུལ་ཞུགས་ལག་དེབ་ནང་“ཤེས་ཡོན་”ཞེས་འཁོད་པ་རྣམས་སློབ་གྲྭ་ནས་ཕྱིར་ཐོན་ཟིན་པའི་རྗེས་སུ་ས་གནས་ཉེན་རྟོག་ལས་ཁང་ནས་ལག་ཁྱེར་དེབ་འགོད་སྐབས་ཀ་ཀོར་མང་པོ་བཤད་ཀྱང། དྷ་ས་ས་གནས་ཀྱི་ཤེས་ཡོན་སྤྲོད་སའི་ལྟེ་གནས་ཁག་ཅིག་གིས་རྒྱབ་གཉེར་ལ་བརྟེན་གནས་སྐབས་དཀའ་ངལ་སེལ་ཐུབ་ཙམ་རེ་ཡོང་གི་ཡོད་ཀྱང། ཕུགས་རྒྱང་རིང་པོའི་ཐོག་ནས་གནད་དོན་འདི་ཐག་གཅོད་བྱུང་བ་ཞིག་ཡིན་མིན་ཡང་ད་དུང་ཐེ་ཚོམ་དུ་གྱུར་འདུག
དེ་བས་དཀའ་ངལ་ཆེ་བ་ནི་དམིགས་བསལ་འཛུལ་ཞུགས་ལག་དེབ་ནང་“གནས་སྐོར”ཞེས་འཁོད་པ་རྣམས་ཡིན་ལ། ལག་དེབ་རེ་སྤྲད་ནས་དུས་ཐུང་དེབ་འགོད་ཐེངས་ཁ་ཤས་རེ་བྱས་ཡོད་ཀྱང། ད་ལྟའི་ཆར་ལག་དེབ་དུས་འགྱང་མ་རག་པར་དཀའ་ངལ་འཕྲད་མཁན་དྷ་རམ་སར་མཚོན་ན་ཧ་ཅང་མང་པོ་ཞིག་ལྷག་ཡོད། ད་དུང་སྡུག་ཕྱོགས་ནས་བཤད་ན་དོན་རྐྱེན་ཅི་ཞིག་ལ་བསྙད་ཡོད་མེད་མི་ཤེས་ཀྱང། ལག་དེབ་འདི་ལྟ་བུའི་ནང་དུ་ཡོད་མཁན་གསར་འབྱོར་བ་གཅིག་ཟླ་བཞི་ལྔ་ཙམ་གྱི་སྔོན་དུ་ས་མཚམས་ནས་ཕྱིར་འཕུད་བྱས་ཟིན་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། དེར་བརྟེན་མི་མང་པོ་ཞིག་ལ་ཞེད་སྣང་དང་སྔངས་སྐྲག་སོགས་མ་བཟོད་པར། དྷ་སྟེང་བདེ་སྲུང་ཡན་ལག་ལས་ཁང་དང། དྷ་ས་ས་གནས་འགོ་འཛིན་ལས་ཁང་གཉིས་ལ་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་སྐད་ཆ་འདྲི་མཁན་ཉིན་རེ་བཞིན་ཆད་མེད་ལྟ་བུ་ཡོད་འདུག་པ་དང། འུ་ཐུག་ཐབས་ཟད་པའི་ཐོག་ནས་ཁ་ངན་ཤོད་མཁན་ཡང་ཡོད་ཚོད་རེད་ལ། ལས་བྱེད་པའི་ངོས་ནས་ཁ་རྡུང་བཏང་བ་ཡང་མང་པོ་ཡིན་ཚུལ་འདུག བོད་མི་འདི་དག་ནི་སྐྱབས་བཅོལ་བ་གཞན་ལས་དཀའ་ངལ་ལྷག་མ་མྱོང་མཁན་ལྟ་བུར་གྱུར་འདུག
དྷ་ས་ཁུལ་དུ་མཚོན་ན་སྔོན་མ་དང་མི་འདྲ་བར་གྷེ་སི་(རླངས་ཐབ)ཙམ་རག་དགོས་ཀྱང། ལག་དེབ་མེད་ན་རག་མི་ཐུབ་པ་སོགས་ཧ་ཅང་དོ་དམ་དུ་བཏང་སོང། ཟླ་གསུམ་བཞི་ཙམ་གྱི་རིང་དུ་ག་དུས་ཙམ་ཞིག་ལ་དེབ་འགོད་བྱས་ཡོང་སྙམ་པའི་ངང་ནས་སྒུག་སྡོད་བྱེད་མཁན་ནི་ཧ་ཅང་མང་པོ་རེད། བོད་གཞུང་གི་ངོས་ནས་ཀྱང་རྒྱ་གར་གཞུང་ལ་ཞུ་བ་མ་གཏོགས་ཐབས་ཤེས་མེད་ཚུལ་གྱི་ལན་འདེབས་དེ་གནང་གི་ཡོད་འདུག མདོར་བསྡུས་ན་ལོ་གཅིག་ཙམ་རག་ཀྱང། དེའི་རྗེས་སུ་རག་ཐུབ་མིན་བཤད་དཀའ་བ་སོགས་ལག་དེབ་ནང་དུའང་གནས་སྐོར་ཞེས་འཁོད་ཟིན་པ་རྣམས་ཀྱི་དཀའ་ངལ་དེ་གནས་སྐབས་སེལ་ཡང་མཐར་ཐུག་སེལ་ཐུབ་པ་ཞིག་ཡིན་མིན་ཧ་ཅང་བཤད་དཀའ་བ་ཞིག་རེད། བོད་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཀྱང་རྒྱ་གར་གྱི་དུས་ཚོད་སྐྱེལ་སྟངས་ལ་ལད་ཟློས་མ་གནང་བར་དུས་ཐུང་ནང་ཐག་གཅོད་ཡོང་ཐབས་གནང་དགོས་པ་དང། དཀའ་ངལ་འདི་འཕྲད་ནས་ཉུང་མཐར་ལོ་དྲུག་བདུན་ཞིག་སོང་ཟིན་པ་རེད། དབུས་དང་གནས་གང་ཡིན་ཡང་རྒྱ་གར་གཞུང་གིས་སྐྱབས་བཅོལ་གྱི་ཐོབ་ཐང་མི་འདི་དག་ལ་གཏན་ནས་གནང་གི་མེད་ན། བོད་མི་འདི་དག་ཀྱང་བོད་གཞུང་ལ་རེ་ཐག་མ་ཆད་གོང་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་གཞན་ཞིག་ལ་སྐྱབས་བཅོལ་དུ་ལེན་རོགས་ཞེས་ཞུ་སྐུལ་བྱེད་དགོས་པའི་དུས་ལ་བབ་འདུག།