ཐའེ་ཝན་དུ་སྒྲོལ་མ་དུང་སྒྲུབ་ཆེན་མོ་འཚོགས་པ།
དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛིན་ཡིག་ཆའི་ཁོངས་སུ། ལོ་མཇུག་ཏུ། ཐའེ་ཝན་གཙོས་སྐྱེ་འགྲོ་ཡོངས་ལ་འབྱུང་བཞིའི་གནོད་འཚེ་དང་ནད་ཡམ་མུ་གེ་སོགས་ཞི་བའི་ཆེད་དུ་སྨོན་ལམ་རིགས་འཚོགས་རྒྱུ། ཞེས་འཁོད་པའི་འབྲུ་དོན་ལྟར། སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐེངས་གཉིས་པ་དེ་སྔར་རྒྱུན་ལྟར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས།
དེ་ཡང་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣༡ གྱི་ཕྱི་དྲོ་ཆུ་ཚོད་གཉིས་པ་ཙམ་ནས། ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཚོགས་པ་ཟུང་གི་འགན་འཛིན་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུས་པའི་མཁན་སྤྲུལ་ཉི་ཤུར་ཉེ་བའི་ཐུན་མོང་གི་དབུ་བཞུགས་ཐོག་དངོས་སུ་དབུ་ཚུགས་ཤིང་། དེ་ཡང་ཐོག་མར། ཞིབ་འཇུག་ཚོགས་པའི་བརྡ་འཕྲིན་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཚེ་རིང་བཀྲ་ཤིས་དང་། ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་ལས་ཐོག་པ་དང་། བགྲོ་གླེང་ལས་རིགས་ཀྱི་འགན་འཛིན་ཀཿཐོག་རིག་འཛིན་ཆེན་མོ་ཟུང་ནས་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་འཚམས་འདྲི་དང་འབྲེལ་ཞིབ་འཇུག་ཚོགས་པའི་བརྒྱུད་རིམ་ངོ་སྤྲོད་དང་དུང་སྒྲུབ་ཆེན་མོ་འཚོགས་པའི་དགོས་དམིགས་ཀྱི་ཐོག་ལ་གཏམ་བཤད་གྲུབ་མཐར། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་གསུང་གངས་ཅན་བསྟན་པའི་སྲོལ་འབྱེད་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ནས་དབུ་བཙུགས་ཏེ་དངོས་གཞིའི་ཆོ་གའི་དབུ་འཛུགས་གནང་མཛད། དེ་ནས་ཕྱི་ཐུན་གྱི་སྐབས་སུ་སློབ་གཉེར་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཚུལ་རྣམ་མཆོག་ནས་དམིགས་བསལ་སྒྲོལ་མ་དུང་སྒྲུབ་ཆེན་མོའི་ཕན་ཡོན་དང་འབྲེལ་བའི་གཏམ་བཤད། པར་སྐྲུན་ལས་རིགས་ཀྱི་འགན་འཛིན་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ནས་ལོ་རྗེས་མའི་བོད་བརྒྱུད་གྲུབ་མཐའ་བཞིའི་རིས་མེད་བགྲོ་གླེང་གི་བརྗོད་གཞི་དང་ཚོགས་དུས། དེའི་དགོས་དམིགས་བཅས་དང་འབྲེལ་བའི་གཏམ་བཤད། ཞིབ་འཇུག་ཚོགས་པའི་དབུ་འཛིན་ལས་ཐོག་པ་གཞོན་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཀྱི་འགན་འཛིན། ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་ལག་བསྟར་འགན་འཛིན་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཞིབ་འཇུག་ཚོགས་པའི་ལས་འཆར་སྤྱི་དང་། ཁྱད་པར་ལག་བསྟར་བྱ་བཞིན་ཡོད་པའི་དྲ་རྒྱའི་བརྙན་འཕྲིན་གྱི་ལས་ཀའི་སྐོར་དང་འབྲེལ་བའི་གསུང་བཤད་དང་། ཚོགས་པ་འདིས་མཚོན་ཞིབ་འཇུག་ཚོགས་པའི་ལས་གཞི་ཡོངས་ལ་དངོས་བརྒྱུད་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སྐབས་འདིའི་གཙོ་བོའི་སྦྱིན་བདག་དང་དྭངས་བླངས་ཞབས་ཞུའི་ལས་སྒྲུབ་མི་སྣ་ཁག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་དང་ལེགས་སྐྱེས་ཁག་གནང་།
ཉིན་འདིའི་ཚོགས་པ་ཧྲིལ་པོར་ཚོགས་ཞུགས་གནང་མཁན་དང་། ཆུ་ཚོད་བདུན་པ་ནས་མཚན་མོའི་ཆུ་ཚོད་དང་པོ་སྟེ། ལོ་དུས་དངོས་སུ་བརྒལ་ཟིན་པའི་དུས་མཚམས་བར་བཞུགས་མཁན་སྔ་ཕྱིར་བསྡོམས་ན་བོད་བརྒྱུད་གྱི་མཁན་སྤྲུལ་དགེ་བཤེས་ཉི་ཤུར་ཉེ་བ་དང་། གྲྭ་བཙུན་དེ་མཚུངས། ཐའེ་ཝན་རྒྱ་བརྒྱུད་དགེ་བཙུན་དྲུག་ཅུ་བརྒལ་བ། མི་མང་བདུན་བརྒྱ་ཡས་མས་བཅས་ཕེབས་ཐུབ་པ་བྱུང་ཡོད། ཚང་མས་ཧ་ཅང་དོ་སྣང་དང་གུས་ཞབས་ཆེན་པོའི་ཕྱི་ལོགས་ཀྱི་ཚོན་མེ་སྦོར་བ་དང་མཚན་ཚོགས་བསྡུ་བ་སོགས་གནམ་ས་གཡོ་བའི་གྲོང་ཁྱེར་གྱི་འདུ་འཛིའི་ལྟད་མོ་དེ་དག་བློས་བཏང་སྟེ་སྒྲིག་ལམ་ལྡན་པའི་ངང་ཐོག་མཐའ་ཀུན་ཏུ་མཉམ་ཞུགས་གནང་བར་མ་ཟད། མཚན་མོའི་ཆུ་ཚོད་དགུ་པ་ནས་མཚན་ཕྱེད་ཆུ་ཚོད་དང་པོའི་བར་གྱི་ཐུན་ཐ་མ་ནི་ཚོགས་ཞུགས་གནང་མཁན་མང་ཤོས་སུ་གྱུར།
གཞན་ཡང་འཛམ་གླིང་ས་ཕྱོགས་གཞན་ཐའེ་ཝན་བཅས་ནས་མང་པོ་ཞིག་ནི་འབྲེལ་འཐུད་མི་སྣ་དང་དྲ་ལམ་སོགས་ཀྱི་ལམ་སྟོན་གཞིར་གཟུང་གིས་བརྒྱུད་ནས་མཉམ་ཞུགས་གནང་ཡོད།
དུས་མཚུངས་ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་མཐུན་ཚོགས་ཆེ་ཤོས་དང་ཐའེ་ཝན་གྱི་དགོན་ཆེན་བཞིའི་ཡ་གྱར། རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ཀྱི་མཐུན་ཚོགས་ཚིས་ཅི་མཐུན་ཚོགས་ཀྱིས་ཀྱང་ལོ་སྔ་མ་ལྟར་དགེ་འདུན་པ་དང་མི་མང་གི་གསོལ་ཚིགས་ཀྱི་སྦྱིན་བདག་ཞུས་པར་མ་ཟད། ཚོགས་པའི་མགྲིན་ཚབ་པས། ། ང་ཚོའི་ངོས་ནས་ཁྱེད་རྣམ་པའི་ཚོགས་པ་འདིར་བསྙེན་བཀུར་གྱི་ཞབས་ཏོག་ཅུང་ཟད་ཞུ་ཐུབ་པ་ནི་མཐུན་ཚོགས་ཀྱི་གཟི་བརྗིད་ཡིན་ཞེས་བརྗོད།
ཚི་ཅིས་ནི་ཐའེ་ཝན་གྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་འཛམ་གླིང་རང་བཞིན་ཅན་ཞིག་ཡིན།
ཞིབ་འཇུག་ཚོགས་པའི་གཏམ་བཤད་དུ། ང་ཚོ་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་སྒོ་ནས་སྤྱིར་བསྟན་པ་སྤྱི་དང་། ཁྱད་པར་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་གནས་བབ་དང་ཆེ་མཐོང་མཐོར་འདེགསས་ཡོང་བའི་འབད་བརྩོན་དགོས་པ་དང་། ཞིབ་འཇུག་དང་བགྲོ་གླིང་། སྤྱི་ཚོགས་ཞབས་ཞུ་སོགས་སུ་གཏོགས་པའི་ལས་རིགས་སྣ་མང་བརྒྱུད་ནས་བོད་བརྒྱུད་ནང་བསྟན་འདི་མི་མང་དང་ཁ་བྲལ་བ་ཞིག་དགོས་ཞེས་བཤད་པར་མ་ཟད། ལོ་འདི་ཀའི་རིང་། བོད་བརྒྱུད་གྱི་ཆོས་བརྒྱུད་ཁག་གི་ཆོས་གྲོགས་མཁན་སྤྲུལ་དགེ་བཤེས་རྣམ་པ་ཐུན་མོང་གི་གླེང་སྟེགས་དང་སྡིང་ཆ་གཅིག་ལ་ཡང་ཡང་འཛོམས་པ་དང་། ཐུན་མོང་གི་ཐོག་ནས་ལས་དོན་མང་པོ་ཞིག་རྩོམ་བཞིན་ཡོད་པ་དང་། ཁ་ཞེ་གཉིས་མེད་ཀྱི་རིས་མེད་དང་ཐུན་མོང་གི་ཕྱོགས་སུ་སྐུལ་འདེད་བྱ་བཞིན་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་གལ་ཆེན་ཞིག་ཡིན་པ་དང་། འགྱུར་བ་འདི་ང་ཚོ་ཞིབ་འཇུག་ཚོགས་པའི་འབད་བརྩོན་གྱི་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་ཞེས་དང་། མང་པོ་ཞིག་གིས་༼ལོ་དུས་བརྒལ་བ༽ཞེས་གཉན་འཕྲང་ཅན་གྱི་དུས་ཚིགས་ཤིག་ཏུ་བརྩི་བཞིན་ཡོད་ལ། བོད་ལུགས་ལ་ཡང་ལོ་གསར་རྙིང་གི་མཚམས་ཞེས་གལ་ཆེན་དུ་བརྩི་སྲོལ་ཡོད་པའི་དུས་ཚོད་འདིར་རྗེ་བཙུན་འཕགས་མ་སྒྲོལ་མའི་སྙེན་པ་དུང་སྒྲུབ་ཅིག་བྱ་ཐུབ་པ་ཡིན་ན་ཐའེ་ཝན་གྱིས་མཚོན་པའི་ཡུལ་ཕྱོགས་ཀུན་ཏུ་ནད་གདོན་བར་ཆད་དང་མི་མཐུན་ཉེར་འཚེའི་ཚོགས་ཐམས་ཅད་ཞི་བ་སོགས་གནས་སྐབས་དང་མཐར་ཐུག་གི་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པའི་དགེ་མཚན་ཡིད་ལ་ངེས་པའི་ཐོག་ནས་ས ྒྲོལ་མའི་དུང་སྒྲུབ་འདི་ཚོགས་པ་རེད། ཅེས་བཤད།
ཐེངས་འདིའི་ཚོགས་པའི་ལས་རིམ་གྱི་ལག་བསྟར་འགན་ལེན་པ་ཡང་ལོ་སྔ་མ་དང་མཚུངས་པར་ཀཿ་ཐོག་རིག་འཛིན་ཆེན་མོའི་ཆོས་ཚོགས་ཡིན་པ་དང་། ཁོང་གི་ཚོགས་པས་ཞིབ་ཚགས་ལྡན་པའི་འཆར་འགོད་དང་བཅས་ཕུན་སུམ་ཚོགས་པའི་གྲྭ་སྒྲིག་གནང་ཡོད་པར་མ་ཟད། དུས་མཚུངས་བླ་རུང་ཐེག་གསུམ་ཆོས་གླིང་ཆོས་ཚོགས་ཀྱིས་གཙོ་འགན་གོ་སྒྲིག་གནང་བའི་ཐོག་འཆར་ལོའི་སྤྱི་ཟླ་༣ཚེས་༡༧ཉིན་འཚོགས་གཏན་ཁེལ་བའི་ཞིབ་འཇུག་ཚོགས་པའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་གདན་ཞུའི་གསར་བསྒྲགས་ཀྱང་བསྐྱངས་ཡོད་པར་མ་ཟད། ལོ་སྔ་མའི་ལས་འཆར་གྱི་ཁོངས་སུ་གཏོགས་པའི་ཐེངས་གཉིས་པའི་ལྷོ་རྒྱ་བོད་གསུམ་གྱི་བརྒྱུད་པ་གསུམ་མཉམ་ཞུགས་གནང་བའི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་དེ་ཡང་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་འགན་ཁུར་བའི་ཐོག་འཆར་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་གི་སྤྱི་ཚེས་སུམ་ཅུ་དང་སོ་གཅིག་སྟེ་ཉིན་གཉིས་ཀྱི་རིང་ལ་འཚོགས་གཏན་ཁེལ་ཟིན།
མཐར་༢༠༡༢་ཟླ་༡་ཚེས་༡་ཆུ་ཚོད་༡་བཅས་དུས་མཚམས་སུ་ཐའེ་ཝན་གྱི་བཙུན་པ་ཞིག་གིས་རྒྱུ་སྲོལ་རྒྱུན་གྱི་དམིགས་བསལ་སྒྱུ་རྩལ་གྱི་རྔམ་བརྗིད་ལྡན་པའི་ཆོས་རྔ་རྡུང་བའི་སྒྲ་དང་ཆབ་གཅིག་ཚོགས་མང་ནས་ཏ་རེའི་སྙེན་དབྱངས་ཚར་ཉེར་གཅིག་གྲུབ་མཚམས་༸གོང་ས་མཆོག་གིས་མཛད་པའི་རིས་མེད་བསྟན་བརྒྱས་སྨོན་ལམ་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༸གོང་ས་མཆོག་གི་ཞབས་བརྟན། བྱང་ཆུབ་སེམས་མཆོག་བཅས་གསུངས་མཐར་ཐེངས་འདིའི་དུང་སྒྲུབ་ཆེན་མོ་རྒྱལ་ཁའི་ངང་ནས་མཇུག་གྲོལ།
དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༩ལོར་༸ས་སྐྱ་བདག་ཆེན་རིན་པོ་ཆེའི་དབུ་འབྱེད་བཀའ་དྲིན་བསྐྱངས་པའི་ཐོག་ཐའེ་ཝན་དུ་དབུ་བརྙེས་ཤིང་། ད་ལྟ་ཀཿཐོག་རིག་འཛིན་ཆེན་པོ། མཁན་པོ་ཚུལ་ཁྲིམས་རྣམ་དག སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ནས་གཙོ་འགན་ཁུར་བཞིན་ཡོད་པར་མ་ཟད། ཚོགས་གཙོ་དང་དྲུང་ཡིག་རྩིས་པ་དངུལ་གཉེར་སོགས་ཁོངས་སོ་སོའི་ཆོས་ཚོགས་ཀྱིས་འགན་འཁུར་གྱིན་ཡོད་པ་དང་། ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྒན་གཞོན་ཡང་མཁན་སྤྲུལ་རྣམ་པས་ལོ་གཉིས་རེའི་དུས་ཡུན་དུ་བརྗེ་ལེན་རེས་མོས་གནང་བཞིན་ཡོད། ད་ལྟ་རིས་མེད་མཁན་སྤྲུལ་བཅོ་ལྔ་ལས་གྲུབ་པའི་ཡན་ལག་གི་མཐུན་ཚོགས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཚོགས་པ་ཞེས་པ་ཞིག་ཀྱང་དངོས་སུ་ཚུགས་ནས་ལས་དོན་སྒྲུབ་བཞིན་པའི་སྐབས་ཡིན།
གསར་གནས་བསྡུ་བསྒྲིགས་པ། རྫ་ཚེ་རིང་བཀྲ་ཤིས།