བོད་རིགས་ནང་ཁུལ་ལ་བོད་ཡིག་ཐོག་ནས་འབྲེལ་བ་བྱེད་དགོས།

sherig_2གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོའི་སྟེང་། ཚོགས་བཅར་བ་ཚོ་ཚོགས་ཆུང་ཁག་༦ ལ་བགོས་ཏེ། སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ལ་བགྲོ་གླེང་བྱས་ཏེ་དེ་རིང་དགོང་དྲོར་མཇུག་བསྡོམས་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོ་དེ་དྷ་ཤོད་བོད་ཁྱིམ་སློབ་གྲྭར་འཚོགས་ཏེ། ཉིན་༣ གྱི་རིང་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་དང་། དེ་བཞིན་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་ཡར་རྒྱས་གཏོང་ཐབས་སོགས་ཀྱི་སྐོར་ལ། ཐེངས་འདིའི་ཚོགས་བཅར་བ་ཚོ་ཚོགས་ཆུང་ཁག་༦ ལ་བགོས་ཏེ་བགྲོ་གླེང་བྱས་ཡོད་པ་ལྟར། ཕྱི་ཚེས་༥ ཉིན་ཚོགས་ཆུང་ཆུང་སོ་སོའི་སྙན་ཐོ་སྒྲོགས་སྦྱང་གྲུབ་མཚམས། དགོང་དྲོའི་ཆུ་ཚོད་༤ པའི་སྟེང་ཚོགས་འདུ་མཇུག་བསྡོམས་བྱས་ཡོད་པ་རེད།

srerig_2013_1_5ཚོགས་འདུ་མཇུག་བསྡོམས་ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་གསུང་བཤད་གནང་དོན། “ཧི་མ་ལ་ཡའི་སློབ་ཕྲུག་ཚོ་འཛིན་གྲྭ་འདྲ་མིན་ནང་གསར་དུ་སླེབས་ཡོང་སྐབས་སློབ་སྦྱོང་གི་འདང་གི་མེད་པ་དང་། ལྷག་པར་དུ་བོད་ཡིག་གི་ཤེས་ཚད་ཀྱིས་འདང་གི་མེད་པའི་བསམ་ཚུལ་ཡོང་གི་འདུག རྩ་བས་ཤེས་རིག་ལས་ཁུངས་ནས་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཡོད་རེད། དེའི་ནང་འཛིན་གྲྭ་དང་པོ་ནས་སློབ་འཇུག་བྱེད་དགོས་པ་འཁོད་ཡོད་རེད། ཡང་ངེས་མེད་ཀྱིས་འཛིན་གྲྭ་གསུམ་པ་དང་བཞི་པ་ལྔ་པར་སློབ་འཇུག་བྱེད་དགོས་བྱུང་ན། སློབ་གྲྭ་སོ་སོ་ནས་ཡིག་རྒྱུགས་གཏོང་དགོས་པ་དང་། ལྷག་པར་དུ་བོད་ཡིག་གི་ཤེས་ཚད་ལ་བལྟ་དགོས་ཀྱི་ཡོད་རེད། དེར་བརྟེན་སྒྲིག་གཞི་ཡོད་པ་རེད། ཡིན་ན་ཡང་གསུངས་སྟངས་ལ་བལྟས་ན་ལག་ལེན་ལ་ཁེལ་མ་ཁེལ་གྱི་གནས་སྟངས་ཤིག་ཡོང་གི་ཡོད་པ་འདྲ། དེ་ཚོའི་ཐོག་ལ་མཇུག་སྐྱོང་ག་འདྲ་བྱེད་དགོས་ང་ཚོས་བལྟ་ཡི་ཡིན། དེ་ནས་ང་ཚོ་བོད་རིགས་ནང་ཁུལ་ལ་བོད་ཡིག་གི་ཐོག་ནས་འབྲེལ་བ་བྱེད་དགོས་པའི་དགོངས་འཆར་དེ་ཡག་པོ་རེད། དེ་ལ་དགོས་པ་དང་རྒྱུ་མཚན་མང་པོ་ཡོད་རེད་ལ། བཀའ་ཤག་ནས་དེའི་ཐོག་ལ་གཏན་འབེབས་ཀྱི་བཀའ་ཡིག་སྔོན་མ་ནས་ཡོད་རེད། ཡིན་ན་ཡང་བར་ལམ་འཐུས་ཤོར་དེ་འདྲ་བྱུང་ཡོད་ན། ང་ཚོ་ཤེས་རིག་གི་ངོས་ནས་མ་འོངས་པར་བོད་ཡིག་གི་ཐོག་ནས་འབྲེལ་བ་བྱ་ཐབས་ལ་འབད་བརྩོན་གནང་གི་ཡིན། ཡང་ཕ་ཚབ་མ་ཚབ་དེ་ཚོར་ཕྲུ་གུར་ལྟ་སྐྱོང་བྱེད་ཕྱོགས་ལ་ཟབ་སྦྱོང་སྤྲོད་དགོས་སྐོར་གྱི་བསམ་ཚུལ་མང་པོ་འདུག དེ་གལ་ཆེན་པོ་རེད། སྔོན་མ་ནས་ང་ཚོས་དེའི་ཐོག་ཟབ་སྦྱོང་མང་པོ་གོ་སྒྲིག་བྱས་ཡོད་ལ། སང་ཉིན་གནང་ཉིན་ཡང་ས་རྭ་མཐོ་སློབ་ཏུ་གཏན་ཉིན་སློབ་གྲྭ་ཁག་གི་ཕ་ཚབ་མ་ཚབ་ཚང་མར་ཟབ་སྦྱོང་ཞིག་གོ་སྒྲིག་བྱ་འཆར་ཡོད”་ཅེས་གསུངས་སོང་།

ཡང་ཁོང་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོ། ཉམས་མྱོང་གསོག་ཆེད་སློབ་གྲྭ་ཕན་ཚུན་ལ་ཆེད་གཏོང་གི་ལས་རིམ་འགྲོ་བཞིན་པ་ཡིན་སྐོར་དང་། དེ་བཞིན་རྒྱ་གར་གྱི་སློབ་གྲྭ་ཁག་གི་ནང་ཡང་མ་འོངས་པར་འགན་འཛིན་དང་དགེ་རྒན་ཚོ་གཏོང་འཆར་ཡོད་སྐོར། ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཐ་སྙད་གསར་པ་དེ་དག་བེད་སྤྱོད་གཏོང་ཆེད་ཚང་མས་འབད་བརྩོན་བྱེད་དགོས་སྐོར་སོགས་གསུངས་སོང་།

མཐར་ཁོང་གིས་ཕྱི་རྒྱལ་ཁག་ལ་སློབ་ཡོན་རག་མཁན་ཚོས་བོད་ཡིག་གི་ཡིག་ཚད་ངེས་པར་དུ་གཏོང་དགོས་ཀྱི་ཡོད་སྐོར་དང་། ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་དེ་གལ་ཆེན་པོ་བརྩིས་ཏེ་དགེ་རྒན་འོས་སྦྱོང་སྤྲད་ཀྱི་ཡོད་སྐོར། དེ་བཞིན་ཟབ་སྦྱོང་གལ་ཆེན་པོ་ཡིན་པ་ནང་བཞིན་ལག་བསྟར་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་ཡིན་པས། འདིར་ཚོགས་འདུའི་ཐོག་སློབ་སྦྱོང་གང་རག་པ་དེ་ཚང་མས་སོ་སོའི་ཕྲུ་གུ་ཚོར་སློབ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་གིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་བ་དང་། མཇུག་བསྒྲིལ་ཡོད་པ་རེད།

ཚོགས་འདུ་མཇུག་བསྡོམས་སྐབས་གསར་འགོད་པས་ཚོགས་བཅར་བ་དགེ་རྒན་ཁག་ཅིག་ལ། ཐེངས་འདིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཚོགས་ཆེན་དེ་ག་འདྲ་བྱུང་སོང་ཞེས་དྲིས་པར། tseten tashi 2“བྷེལ་ཀོབ་དབུས་ཉིན་སློབ་ཀྱི་དགེ་རྒན་ཚེ་བརྟན་བཀྲ་ཤིས་ཀྱིས། “ཚོགས་ཆེན་འདིའི་དུས་ཚོད་ལ་དཔག་པའི་ཧ་ཅང་ཡག་པོ་བྱུང་སོང་། གང་ཡིན་ཟེར་ན། བཙན་བྱོལ་ནང་གི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚང་མ་འདིར་འཛོམས་ནས། ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་བྱས་ཡོང་དུས། སློབ་ཁྲིད་བྱེད་སྟངས་དང་ཕྱོངས་མང་པོ་ཞིག་གི་ཐོག་ནས་ཉམས་མྱོང་དང་ཕན་ཐོགས་ཆེན་པོ་བྱུང་སོིང”ཞེས་བརྗོད་བྱུང་།

thunten_choephel1བལ་ཡུལ་པོག་ར་གློ་སྒྲིག་བྱམས་པ་གླིང་ལེགས་བཤད་ཚལ་གྱི་དགེ་རྒན་ཐུབ་བསྟན་ཆོས་འཕེལ་གྱིས། “ཚོགས་ཆེན་འདིའི་སྟེང་དགེ་རྒན་ཚོས་བསམ་འཆར་མང་པོ་ཞིག་བཏོན་སོང་། དེར་བརྟེན་ང་རང་གི་ཚོར་སྣང་ལ་མཛད་གཙོ་རྣམ་པ་ཚོར་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད་བསམ་གྱི་ཡོད། རྩ་བས་སློབ་གྲྭ་ཁག་གི་ནང་དགེ་རྒན་གྱིས་བཤད་བསྡད་པ་གཅིག་པུ་མ་ཡིན་པར། སློབ་ཕྲུག་ཚོ་རང་ངོས་ནས་འགུལ་བཅུག་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནང་བཞིན་སློབ་ཕྲུག་ཚོར་གསར་བཏོད་རང་བཞིན་ཅན་གྱི་ལས་རིགས་མང་པོ་བྱེད་བཅུག་དགོས་པ་གལ་ཆེན་པོ་རེད་འདུག”ཅེས་བརྗོད་བྱུང་།

lhakpa tenzin1བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་བོད་ཡིག་དགེ་རྒན་ལྷག་པ་བསྟན་འཛིན་གྱིས། “ཚོགས་ཆེན་འདི་འདྲ་ཞིག་ལ་བཅར་བ་ཐེངས་དང་པོ་ཡིན། དེར་བརྟེན་ཚོགས་ཆེན་འདིར་དགེ་རྒན་མང་པོ་ཞིག་གིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ཡིག་གི་ཁོར་ཡུག་རྒྱ་ཆེ་རུ་གཏོང་དགོས་སྐོར་བཤད་ཀྱི་འདུག དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཚོགས་ཆེན་བསྐོང་བ་ཙམ་མ་ཡིན་པར། ཚོགས་ཆེན་གྱི་གྲོས་ཆོད་ཁག་ལག་བསྟར་བྱ་ཐུབ་ན་ཕན་ཐོགས་ཆེན་པོ་འདུག”ཅེས་བརྗོད་བྱུང་།

ngawang_kunlekབལ་ཡུལ་བློ་འཕེལ་གླིང་སློབ་གྲྭའི་དགེ་རྒན་ངག་དབང་ཀུན་ལེགས་ཀྱིས། “ཚོགས་ཆེན་འདི་ཧ་ཅང་ཡག་པོ་བྱུང་སོང་། སྔར་མ་ཤེས་པའི་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་སོང་། ལྷག་པར་དུ་དགེ་རྒན་མང་པོ་ཞིག་མཉམ་དུ་མཛོམས་ནས་བགྲོ་གླེང་བྱས་པ་དེས། སློབ་ཁྲིད་སྐབས་ཀྱི་ཉམས་མྱོང་གསར་པ་མང་པོ་ཞིག་རག་སོང”་ཞེས་བརྗོད་བྱུང་།

ཚོགས་ཆེན་འདིར་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་དགེ་རྒན་གྲངས་༡༤༠དང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་ཚོགས་བཅར་བ་༡༥༣ འདུ་འཛོམས་བྱུང་ཡོད་པ་རེད།