རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཐོག་ཆེན་མོ་ངོ་སྤྲོད།

སེར་ཤུལ་རིན་ཆེན་དོན་གྲུབ།
གླེང་གཞི།
selshul_rinchen_dundupཉེ་ཆར་དགེ་ལྡན་པའི་འཇང་དགུན་ཆོས་ཐོག་ཆེན་མོ་འཚོག་བཞིན་པ་དང་སྟབས་བསྟུན་ཏེ་བདག་གིས་(༢༠༡༢ ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོག་པ)ཞེས་པའི་གསར་འགྱུར་ཞིག་བོད་ཡིག་ཟིན་བྲིས་ཁག་ཏུ་སྤེལ་བ་ཡིན།

དེ་ལྟར་སྤེལ་དགོས་པའི་རྒྱུ་མཚན་ཡང་འུད་སྒྲོག་ཡང་སྒྲོག་གིས་རི་བོ་དགེ་ལྡན་པར་མིང་གྲགས་ཆེ་ཙམ་ཞིག་ཐོབ་རེ་མིན་ལ་ཆོས་ལུགས་རིས་གཅོད་ཀྱི་ཞེན་ཁོག་ཉམས་སུ་བླང་བ་ཞིག་ཀྱང་དེ་བས་མིན། རྒྱུ་མཚན་ནི་དེ་སྔོན་བདག་གིས་ལན་མང་བཤད་པ་བཞིན་དགོན་པ་དང་ཆོས་བྱེད་གྲྭ་བཙུན་ཚོས་ཅི་ཞིག་བྱེད་བཞིན་པ་གཞི་རིམ་མི་མང་དང་། མི་རིགས་ཀྱི་ཞེན་ཁོག་མཐོ་བའི་ཤེས་ལྡན་པ། དུས་ཀྱི་བསམ་བློར་ཡིད་ཕྱོགས་པའི་ཀླད་གསར་བའི་མིང་འཛིན་དག་གིས་ངེས་པར་དུ་ཤེས་དགོས་པ་དང། དེ་ཤེས་ན་ད་གཟོད་གྲྭ་པ་མི་ཡིན་མིན་གྱི་སྐད་ཆ་དེ་ཚོ་ཡོང་ཁུངས་མེད་པར་འགྱུར་པ། ཡང་སྙིང་གྲྭ་བཙུན་ཚོ་ཟ་ཉལ་ཁོ་ན་བྱེད་མཁན་གྱི་ངུར་སྨྲིག་གི་ཚོགས་སྡེ་ཞིག་ཡིན་པ་དང། མི་རིགས་དང་རིག་གཞུང་ལ་ཕན་མེད་ཀྱི་ལྟ་སྟངས་ཉི་ཚེ་བ་དེ་ཚོ་ཡང་གཞི་རྩ་བྲལ་བའི་བཤད་ཡམས་ཤིག་ཏུ་ཤེས་པའི་རེ་བ་ཡིན། དེ་ཤེས་པ་ནི་གྲྭ་བཙུན་ཚོའི་ལྟོ་རྒྱབ་ཡག་པོ་ཞིག་རག་པའི་ཆེད་དུ་མ་ཡིན་པར་ཆོས་ལུགས་དང་བཟང་པོའི་གོམས་གཤིས་ཤ་འཐིམ་རུས་འཐིམ་དུ་གྱུར་པའི་མི་རིགས་འདིའི་མ་འོངས་པ་དང་། དགེ་མཚན་མཐོར་འདེགས་ཀྱི་ཕྱོགས་ལ་ནུས་པ་འཕར་མ་ཞིག་ཐོན་པའི་རེ་བ་བྱས་པ་ཡིན། སྐབས་དེར་བོད་ནང་གི་མཆན་བུ་བ་ཞིག་གིས་བྱེས་ཀྱི་གདན་སའི་དགེ་ལྡན་པའི་འཇང་དགུན་ཆོས་འཚོག་སྟངས་དང་། དེའི་སྐབས་ཀྱི་སློབ་སྦྱོང་བྱེད་སྟངས། གྲྭ་ཚང་སོ་སོའི་བར་དུ་དུས་ཚོད་གང་དང་གང་ལ་བརྒལ་བརྟག་གི་ལས་རིམ་གང་ཡོད་སོགས་བྲིས་ཏེ་ཟིན་བྲིས་སུ་འགོད་རོགས་ཟེར་ནས་རེ་སྐུལ་ཞིག་བྱས་བྱུང་། མ་གཞི་བདག་ད་སྐབས་འཇང་དགུན་ཆོས་ཐོག་ཆེན་མོར་ཞུགས་ཡོད་པ་དང་དེའི་སྐབས་ཀྱི་སེར་བྱེས་མཁས་སྙན་གྲྭ་ཚང་གི་དམ་བཅའ་བའི་ལས་ཁུར་ཞིག་ཐོག་ཏུ་བབ་ཡོད་པས་བྲེལ་བ་ཤིན་ཏུ་ཆེ་ཡང་མཆན་བུ་བུའི་རེ་སྐུལ་དེར་མཐོང་ཆེན་དང་། ལས་རིམ་དེ་ཚོ་བོད་དང་ས་གནས་ཁག་གི་དགོན་པ་དང་མི་མང་ཚོས་ཤེས་ན་དེའི་ལེགས་པའི་ཕྱོགས་ལ་དཔེ་བལྟ་བྱེད་པ་སོགས་གོང་དུ་བཤད་པའི་དགེ་མཚན་དེ་ཚོ་ཡོད་པར་བསམ་ནས་གུང་སེང་གི་ངལ་གསོའི་དུས་ཚོད་འདི་བཟུང་སྟེ་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་འཚོག་སྟངས་སྐོར་ངོ་སྤྲོད་བྱེད་འདོད་བྱུང་།

འཇང་དགུན་ཆོས་འཚོག་དུས།
འཇང་དགུན་ཆོས་འཚོག་དུས་ནི་ཕལ་ཆེར་ལོ་ལྟར་བོད་ཟླ་བཅུ་བའི་ནང་དུ་འཚོག་བཞིན་ཡོད། དམིགས་བསལ་རྒྱལ་བའི་གསུང་ཆོས་ཡོད་མེད་ཀྱིས་དུས་ཚོད་ལ་འགྱུར་བ་ཅུང་ཟད་འགྲོ་ཡི་ཡོད་ལ། མཚམས་རེར་འཚོག་པའི་དུས་ཡུན་ཟླ་གཅིག་དེ་ཡང་ཉིན་ཉི་ཤུ་དང་ཉི་ཤུ་རྩ་ལྔ་སོགས་ཅི་རིགས་སུ་འགྱུར་བ་གཏོང་གི་ཡོད། སྤྱིར་བཏང་འཚོག་པའི་དུས་ཡུན་ཟླ་བ་གཅིག་ཡིན། འཚོགས་ཡུལ་ནི་གདན་ས་ཆེན་པོ་གསུམ་སྟེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། དཔལ་ལྡན་འབྲས་དཀར་སྤུངས་པ། སེ་ར་ཐེག་པ་ཆེན་པོའི་གླིང་བཅས་སུ་རེས་མོས་ཀྱིས་འཚོག་བཞིན་ཡོད།

འཇང་དགུན་ཆོས་ཀྱི་ཁྱབ་ཁོངས།
འཇང་དགུན་ཆོས་ཀྱི་ཁྱབ་ཁོངས་ནི་སྤྱིར་བཏང་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཀྱི་མཚན་ཉིད་པ་སུ་ཡིན་ཡང་ཆོས་ཐོག་དེར་ཞུགས་ཆོག་པ་ཡིན། རྒྱུན་ལྡན་ངེས་པ་ནི་གདན་ས་ཆེན་པོ་དྲུག་(དགའ་ལྡན་བྱང་ཤར་གཉིས། འབྲས་སྤུངས་སྒོ་བློ་གཉིས། སེ་ར་བྱེས་སྨད་གཉིས།)དང་། རྒྱུད་གྲྭ་སྟོད་སྨད། རྭ་སྟོད། བཀྲ་ཤིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་བཅས་ཡིན། དེ་དག་གི་ཁོངས་ནས་འཇང་དགུན་ཆོས་སུ་ཕེབས་མཁན་གྱི་མཚན་ཉིད་པའམ་དཔེ་ཆ་པ་རྣམས་ནི་དགོན་པ་སོ་སོའི་མཚན་ཉིད་པ་དྲག་གྲས་ཁག་ཡིན་ལ་དེའི་ཁར་འཇང་དགུན་ཆོས་གང་དུ་འཚོགས་སའི་དགོན་པ་དེའི་གཉུག་མར་གནས་པའི་གྲྭ་པ་བཅས་བསྡོམས་ན་བཞི་སྟོང་ལྔ་སྟོང་ནས་བདུན་སྟོང་བརྒྱད་སྟོང་བར་འཛོམས་ཀྱི་ཡོད།
འཇང་དགུན་ཆོས་ཀྱི་སློབ་ཚན།
འཇང་དགུན་ཆོས་སྐབས་ཀྱི་སློབ་ཚན་ནི་རྒྱ་གར་གྱི་ཚད་མ་རིག་པ་བ་ཆེན་པོ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དེའི་འགྲེལ་བ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ། ཚད་མ་རྣམ་ངེས། ཚད་མ་རིག་ཐིགས་སོགས་དང་། རྒྱན་མཁན་པོ་དང་། སློབ་དཔོན་ཆོས་མཆོག་སོགས་ཀྱི་ཚད་མའི་བསྟན་བཅོས་རྣམས་གཞི་རྩར་བཟུང་ཐོག་རྗེ་ཙོང་ཁ་བས་མཛད་པའི་ཚད་མའི་ལམ་བསྒྲིགས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མའི་བསྟན་བཅོས་རྣམ་འགྲེལ་ཐར་ལམ་གསལ་བྱེད། མཁས་གྲུབ་སྨྲ་བའི་ཉི་མས་མཛད་པའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། སྡེ་བདུན་ཡིད་ཀྱི་མུན་སེལ། རྗེ་དགེ་འདུན་གྲུབ་པས་མཛད་པའི་ཚད་མ་རིགས་རྒྱན་སོགས་དང་། དེ་བཞིན་དུ་གདན་ས་སོ་སོའི་མཁས་དབང་དག་གིས་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་ཡིན།

འཇང་དགུན་ཆོས་ཀྱི་སྒྲིག་ཁྲིམས།
འཇང་དགུན་ཆོས་སྐབས་ཀྱི་སྒྲིག་ཁྲིམས་ནི་རྒྱུན་ལྡན་དགོན་པ་ཁག་ལས་ཅུང་དམ་དུ་གཏོང་བཞིན་ཡོད། རྒྱུ་མཚན་ནི་དགོན་ཁག་སོ་སོའི་མི་སྣ་འདུ་འཛོམས་ཀྱིས་ཟླ་གཅིག་རིང་གི་བགྲོ་གླེང་གོ་བསྡུར་གྱི་ལས་རིམ་འདི་ཚགས་ཚུད་དང་ཚད་མའི་གཞུང་ལུགས་ཀྱི་གོ་རྒྱ་བསྐྱེད་པ་ཞིག་ཡོང་བ་དང་། དགོན་པ་སོ་སོའི་མཚན་དོན་ལ་རྒྱ་སོགས་ཀྱི་ཆེད་ཀྱང་ཡིན། དེའི་སྐབས་ཀྱི་སྒྲིག་ལམ་གཙོ་བོ་ནི་གང་དུ་འཚོགས་སའི་དགོན་པ་དེའི་སྒྲིག་ལམ་ལྟར་དང་དེའི་ཁར་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས་གཏན་འབེབས་བྱས་པའི་སྒྲིག་ལམ་ཁག་དགོན་པ་སོ་སོའི་ཆོས་ཐོག་རྒན་དང་། སློབ་གཉེར་དོ་དམ་པ་སོགས་ཀྱིས་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད། ཆོས་ཐོག་རྒན་ནི་དགོན་པ་སོ་སོས་འཇང་དགུན་ཆོས་སྐབས་ཀྱི་སྒྲིག་ལམ་ལྟ་མཁན་དུ་ཆེད་བསྐོས་བྱས་པའི་ལས་སྣེ་རྣམས་ལ་ཟེར་བ་ཡིན། སློབ་གཉེར་རྒན་ནི་རྒྱུན་ལྡན་གྲྭ་ཚང་སོ་སོར་ཡོད་པའི་སློབ་གཉེར་སྐོར་ལ་ལྟ་རྟོག་བྱེད་མཁན་ལ་ཟེར།

འཇང་དགུན་ཆོས་སྐབས་ཀྱི་ལས་རིམ།
འཇང་དགུན་ཆོས་ཀྱི་ཐོག་མའི་ལས་རིམ་གྱི་མིང་ལ་འཇང་དགུན་ཆོས་ཡར་ཚོགས་ཟེར། ཡར་ཚོགས་ཟེར་བ་ནི་སྤྱིར་བཏང་འདུ་འཛོམས་གང་ཞིག་ཐོག་མར་འགོ་བཙུགས་པ་ལ་གོ་བ་ཡིན། འཇང་དགུན་ཆོས་ཡར་ཚོགས་སྐབས་འཚོགས་ཡུལ་གྱི་དགོན་པ་གང་དེའི་མཁན་རིན་པོ་ཆེ་དང་། དགེ་བསྐོས་རྣམས་ཀྱིས་ཆོས་ཐོག་དེའི་རིང་གི་སྒྲིག་ལམ་སྐོར་དང་། རྩོད་པ་གནང་ཕྱོགས། ལན་འདེབས་བྱེད་སྟངས། གཞུང་གི་གོ་བ་ལེན་ལུགས། རིགས་པའི་རྣོ་ཁ་བརྡར་ལུགས་སོགས་ཀྱི་སྐོར་ལ་རང་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཞིང། ཐོག་མའི་ཀུན་སློང་གི་འདུ་ཤེས་ཡང་དག་པར་བཅོས་ཏེ་ཡར་ཚོགས་གྲུབ་པ་ཡིན་ལ་ཟླ་གཅིག་གི་རྗེས་སུ་དེ་བཞིན་བཀའ་སློབ་དང་བསྔོ་སྨོན་བྱས་ཏེ་འཇང་དགུན་ཆོས་གྲོལ་འགྲོ་བ་ཡིན། འདི་ནི་ཆོས་གཞུང་གི་དགོངས་དོན་ལྟར་ཐོག་མཐའི་བྱ་བ་གལ་ཆེན་གཉིས་ཡིན།

འཇང་དགུན་ཆོས་སྐབས་ཀྱི་ཉིན་རེའི་ལས་རིམ།
འཇང་དགུན་ཆོས་ལ་ཕེབས་མཁན་གྱི་དགེ་འདུན་པ་ཚོ་ཞོགས་ཀ་ཆུ་ཚོད་དྲུག་པ་ནས་ངེས་པར་དུ་བཞེངས་ཐུབ་པ་བྱས་ནས་རང་རང་གི་སྐབས་བབ་ཀྱི་གཞུང་དེའི་རྩ་བ་དང། རང་འགྲེལ། གཞུང་སྦྱོར་སོགས་བློ་འཛིན་བྱ་དགོས། དགོན་པ་སོ་སོའི་ཆོས་ཐོག་རྒན་རྣམས་སྐོར་གཡེང་ལ་ཡང་ཡང་ཡོང་ནས་དེ་ལྟར་བྱེད་ཀྱི་ཡོད་མེད་ལ་ལྟ་རྟོག་དང་། གལ་ཏེ་དེ་ལྟར་མི་བྱེད་མཁན་རེ་ཟུང་ཡོད་ན་དེ་རྣམས་ལ་སྐབས་བབ་ཀྱི་ཉེས་ཆད་གཅོད་པར་བྱེད། བློ་འཛིན་གང་འཚམ་བྱས་རྗེས་ཆུ་ཚོད་དགུ་པ་བར་དུ་སྐབས་བབ་ཀྱི་གཞུང་གང་ཡིན་པ་དང་དེ་དང་འབྲེལ་བ་ཡོད་པའི་རྒྱ་བོད་མཁས་པའི་གསུང་དག་ལ་དཔེ་ཀློག་བྱས་ཏེ་གཞུང་དོན་འཚོལ་ཞིབ་དང། རིགས་ལམ་གྱི་འགྲོ་ཕྱོགས་སོགས་ལ་བསམ་གཞིག  དཀའ་གནད་ཁག་ལ་དོགས་སློང་དང་གཤིབ་བསྡུར་གྱིས་ཚད་མ་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་འཚོལ་བར་བྱ་དགོས། ཆུ་ཚོད་དགུ་བ་ནས་རྩོད་པ་འཚོགས་ཀྱི་ཡོད། ཐོག་མར་སྐར་མ་བཅོ་ལྔ་ཙམ་གྱི་རིང་ཞལ་འདོན་བྱས་རྗེས་རྩོད་ཟླ་བྱེད་འགོ་བཙུགས། རྩོད་ཟླ་ནི་རང་གི་སྐབས་བབ་ཀྱི་གཞུང་ཚན་གང་ཡིན་པ་དེ་དང་སློབ་གཉེར་གཅིག་མཚུངས་སུ་བྱེད་པའི་གདན་ས་གཞན་དག་གི་མཚན་ཉིད་པ་གང་ཞིག་དང་མཉམ་དུ་གཞུང་དོན་དང་དཀའ་གནད་ཀྱི་སྐོར་ལ་དྲི་བ་དྲིས་ལན་དང་བགྲོ་གླེང་བྱེད་མཁན་ལ་ཟེར། དེ་ལ་དམིགས་བསལ་གྱི་ཐབས་ལམ་ཐལ་ཕྱིར་གྱི་རིགས་ལམ་བེད་སྤྱད་དེ་བགྲོ་གླེང་བྱེད་ཀྱི་ཡོད། ཆུ་ཚོད་བཅུ་བ་ནས་སྡེ་ཚན་སྡེ་ཚན་བྱས་ཏེ་དམ་བཅའ་འཚོགས། དམ་བཅའ་ཟེར་བ་ནི་སྡེ་ཚན་སྡེ་ཚན་དུ་ཚོགས་ཤིང་གདན་ས་གང་རུང་ཞིག་གི་མི་གཉིས་དམ་བཅའ་བའམ་ལན་འདེབས་མཁན་དུ་བསྡད་དེ་གདན་ས་གཞན་དག་གིས་དེ་ལ་ཐལ་ཕྱིར་གྱི་ལམ་ནས་དྲི་བ་དྲིས་ལན་བྱེད་པ་ལ་ཟེར། དེའི་སྐབས་སུ་ཡང་སྔར་བཞིན་གཞུང་དོན་དྲི་ཞིབ་དང་བརྒལ་བརྟག་རིགས་ལམ་གྱིས་དགག་བཞག་བྱེད་ཀྱི་ཡོད།

གདན་ས་གཞན་དང་མཉམ་དུ་རྩོད་ཟླ་དང་བརྒལ་བརྟག་བྱེད་པ་ནི་དགོན་པ་སོ་སོའི་དགེ་རྒན་དང་། ཡིག་ཆའི་ཁྱད་པར་ལས་གཞུང་གི་གོ་བ་ལེན་སྟངས་དང་རིགས་པའི་བརྡར་ཤ་གཅོད་སྟངས་མི་འདྲ་བ་ཡོང་བ་དང་དེའི་ཐོག་ནས་གཞུང་དོན་འཚོལ་ཞིབ་ཀྱི་ལས་ལ་ནུས་པ་ཆེས་ཆེར་ཐོན་པས་ཡིན། ཐལ་དང་། ཁྱབ་སྟེ། དགོས་ཏེ་སོགས་ཀྱིས་རྒྱུ་མཚན་ཚ་དེད་བྱེད་ཐེངས་རེར་གཞུང་དོན་གང་ཞིག་གི་གོ་བ་ལོན་པ་དང་། གནས་ལུགས་གང་ཞིག་གི་བདེན་ཁ་རྙེད་པ། འཚོལ་ཞིབ་གང་ཞིག་གི་གྲུབ་དོན་ངེས་པ་སོགས་ལ་དགེ་རྒན་མཁས་པ་ཞིག་གིས་གསུང་བ་ལས་བརྒྱ་འགྱུར་གྱིས་ཀྱང་ལྷག་པར་གདེང་ཚོད་བརྟན་པོ་དང་ཡིད་ཆེས་རྙེད་པར་བྱེད། འདི་ནི་རང་གི་ཉམས་མྱོང་ངོ་མ་ཞིག་ཡིན་ལ་ཐལ་ཕྱིར་རིག་པའི་དགེ་མཚན་ཡང་དག་པ་དེའང་རེད། ཆུ་ཚོད་བཅུ་གཅིག་ནས་སྤྱིའི་ཆ་ནས་དམ་བཅའ་གྲོལ་ནས་ཉིན་གུང་གི་གསོལ་ཚིགས་ལ་རོལ་བའི་དུས་ཚོད་ཡིན། འོན་ཀྱང་རྣོ་ངར་དང་འཁྲུག་ཆ་དོད་པའི་རྩོད་སྒྲུབ་ཀྱི་ལས་ལ་ཞུགས་པའི་མཚན་ཉིད་པ་མང་པོས་ཟས་ཀྱི་འདོད་ཞེན་བཞག་སྟེ་མུ་མཐུད་ནས་རྟགས་གསལ་གཏོང་བཞིན་སྡོད་ཀྱི་ཡོད།

དམ་བཅའ་དང་རྩོད་ཟླ་དེ་ཚོར་ཡང་ཚོགས་ཞུགས་པ་ཚང་མ་ཡོང་ཡོད་མེད་ཀྱི་ཞིབ་འཇུག་ནན་མོ་བྱེད་ཀྱི་ཡོད། དེ་ནས་ཆུ་ཚོད་དང་པོ་བར་དུ་ཟས་ཟ་བ་དང། འཁྲུས་རྒྱག་པ། གཉིད་ཁུག་པ་སོགས་ཀྱི་དུས་ཚོད་ཡིན་ཡང་བརྩོན་པ་ཅན་གྱི་མཚན་ཉིད་པ་མང་པོས་དུས་ཚོད་འདི་ཚོར་ཡང་དཔེ་ཀློག་དང་དཔྱད་བསྡུར་བྱེད་ཀྱི་ཡོད། ཆུ་ཚོད་དང་པོ་དང་ཕྱེད་ནས་འཛིན་གྲྭ་སོ་སོ་དགོན་པ་རང་རང་གི་དཔེ་འཁྲིད་དགེ་རྒན་རྣམས་ཀྱི་མདུན་དུ་བསྐྱོད་དེ་གཞུང་དེ་དང་དེའི་སློབ་འཁྲིད་ལ་ཉན་དགོས། འདི་ལ་ཚང་མ་ངེས་པར་དུ་ཕེབས་དགོས་ལ་ཕེབས་ཡོད་མེད་ཆོས་ཐོག་རྒན་སོ་སོས་ཐོ་བཤེར་བཏང་སྟེ་མ་ཕེབས་མཁན་གྱི་རིགས་བྱུང་ན་དེ་ལ་ཉེས་ཆད་གཅོད་ཀྱི་ཡོད། འཛིན་གྲྭ་རེའི་ཚོགས་ཡུན་ཆུ་ཚོད་གཅིག་དང་འཛིན་གྲྭ་སོ་སོ་རེས་མོས་ཀྱིས་དགེ་རྒན་སོ་སོའི་མདུན་ནས་ཆུ་ཚོད་དང་པོ་དང་ཕྱེད་ནས་བཞི་དང་ཕྱེད་བར་དུ་སྐོར་བ་རྒྱབ་ནས་འགྲོ་ཡི་ཡོད། སྤྱི་སྙོམས་བྱས་ན་ཕལ་ཆེར་ཉིན་རེར་འཛིན་གྲྭ་རེ་ལ་དཔེ་འཁྲིད་རེ་ཡོད། དུས་ཚོད་ཀྱིས་རྐྱེན་གྱིས་དགོན་པ་འགའ་ཞིག་ལ་ཞོགས་པར་འཛིན་གྲྭ་ཚོགས་པ་ཡང་ཡོད། དེ་ནས་དགོང་དྲོའི་གསོལ་ཚིགས་གྲུབ་རྗེས་ཆུ་ཚོད་དྲུག་པ་ནས་བདུན་དང་ཕྱེད་བར་དུ་སྲོད་ཆོས་དམ་བཅའ་འཚོགས་ཀྱི་ཡོད་ལ་དེར་ཚོགས་ཞུགས་པ་དང་གཉུག་མར་གནས་པའི་གྲྭ་བ་ཚང་མ་མཉམ་ཞུགས་བྱེད་ཀྱི་ཡོད། སྲོད་ཆོས་དམ་བཅའ་ནི་གདན་ས་དྲུག་དང་། རྭ་སྟོད། བཀྲ་ཤིས་ལྷུན་པོ་བཅས་གང་རུང་གི་ངོ་ཚབ་དམ་བཅའ་བ་གཉིས་བསྡད་ཅིང་དེ་ལ་གདན་ས་གཞན་གང་རུང་ཞིག་གིས་རྟགས་གསལ་གཏོང་གི་ཡོད། དེ་སྐབས་རྟགས་གསལ་གཏོང་མཁན་གྱི་དགོན་པ་དེའི་དཔེ་འཁྲིད་རྒན་དང་མཁས་པ་སོགས་ཀྱིས་ཀྱང་ལུང་རིགས་བཀོལ་སྤྱོད་ཀྱིས་རང་ཁོངས་ཀྱི་རྟགས་གསལ་གཏོང་མཁན་ཚོར་གཞོགས་འདེགས་བྱེད་སྲོལ་ཡང་ཡོད། དེ་ནི་ཟླ་གཅིག་གི་རིང་གུང་སེང་ཉིན་བཞི་ཕུད་དེ་མིན་གྱི་དུས་ཚོད་ཚང་མར་ཡོད་ལ་དམ་བཅའ་བ་དང་རྟགས་གསལ་གཏོང་མཁན་དགོན་པ་སོ་སོ་རེས་མོས་ཀྱིས་བརྗེས་འགྲོ་བ་ཡིན། དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ནས་བརྒྱད་དང་ཕྱེད་བར་དུ་སྔར་བཞིན་རྩོད་ཟླ་ཡིན། ཆུ་ཚོད་བརྒྱད་དང་ཕྱེད་ནས་དགུ་བར་དུ་གསོལ་ཇའི་བར་སེང་དང་། ཆུ་ཚོད་དགུ་ནས་བཅུ་གཅིག་བར་དུ་སྔར་བཞིན་རྩོད་ཟླ་ཆུ་ཚོད་གཅིག་དང་། དམ་བཅའ་ཆུ་ཚོད་གཅིག་ཚོགས་ཏེ་དགོང་མོའི་ཆུ་ཚོད་བཅུ་གཅིག་ལ་སྤྱིར་བཏང་ཚོགས་གྲོལ་གྱི་ཡོད་མོད་གོང་དུ་བཤད་པ་བཞིན་མཚན་ཉིད་པ་དག་རིགས་ལམ་གྱི་རྩེ་དགར་རོལ་ནས་ཆུ་ཚོད་བཅུ་གཉིས་དང་དང་པོ་བར་དུ་ཆོས་རར་རྩོད་པ་བྱེད་བཞིན་སྡོད་མཁན་ཡང་མང་པོ་ཡོད།

རྒྱུས་མེད་གང་ཞིག་གི་བལྟས་ན་ཅི་ཞིག་ལ་ངར་ཤུགས་ཀྱིས་རྩོད་པ་དང། ཆོ་མེད་པའི་རྐང་ལག་རྡེབ་བཞིན་པའི་སྣང་ཚུལ་ཞིག་ཡོང་སྲིད་མོད་དོན་དངོས་ཐོག་བརྒལ་བརྟག་རིགས་པའི་རྩེ་དགའ་ཡི་ཁྲོད་ནས་གཞུང་དོན་གྱི་གོ་བ་རྙེད་ཐེངས་རེ་དང། རིགས་ལམ་གྱི་འགྲོས་གཤིས་རྟོགས་ཐེངས་རེ། ད་དུང་ཡིད་འགུགས་ཀྱི་རིགས་ཚུལ་སྤྱོད་པའི་རྣམ་འགྱུར་མཐོང་རེ་རེར་བླ་ན་མེད་པའི་དགའ་བདེ་ཞིག་གིས་ཚིམ་ཡོང་བ་དང་། ཁྱོད་ནོར་ང་བདེན་གྱི་རྩོད་པ་བྱ་སའི་རྒྱུས་མེད་ཀྱི་མཚན་ཉིད་པ་དེ་ཚོ་ཡང་སྙིང་ཉེ་བའི་གཟུགས་བརྙན་མཛེས་སྡུག་ལྡན་པ་དག་ཏུ་འགྱུར་འགྲོ་བས་འདི་ནི་ཆེས་བླ་མེད་ཀྱི་ཐབས་ཚུལ་ཡང་དག་པ་ཞིག་གོ། ཟླ་གཅིག་གི་རིང་གུང་སེང་ཉིན་བཞི་ཕུད་པའི་གཞན་ཚང་མ་འདི་དང་གཅིག་མཚུངས་ཡིན།། ༢༠༡༢/༡༢/༣༡ལ་བྲིས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༩  ཕྱི་ལོ་ ༢༠༡༣/༡/༢ ཐོག་བཀོད།