ནང་བསྟན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ།

varna_2013_1_13ཟླ་འདིའི་ཚེས་༡༣ ཉིན་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་༼ནང་བསྟན་དང་སྤྱི་ཚོགས།༽ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དེ། ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤ་ཚོགས་ཁང་དུ་༧གོང་ས་མཆོག་དབུས་བཞུགས་ཐོག་བསྐོང་ཚོགས་གནང་སོང་།

དེ་ཡང་༧གོང་ས་མཆོག་ཚེས་༡༣ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པར་༧གོང་ས་མཆོག་གིས་སཱ་རཱ་ནཱ་མཆོད་བརྟེན་ཉེ་འཁྲིས་སུ་ཡོད་པའི་དྭ་ཕྲུག་སློབ་གྲྭ་ཞིག་གི་ནང་ཆིབས་བསྒྱུར་མཚམས་གཟིགས་གནང་ཡོད་པ་དང་། ཆུ་ཚོད་༡༠ ཐོག་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་ཐོག་ཕེབས་ནས་བགྲོ་གླེང་དབུ་འབྱེད་ཀྱི་བཀའ་སློབ་གནང་བ་དང་། དུས་རབས་ཉེ་ཤུ་རྩ་གཅིག་པའི་ནང་པ་བྱ་རྒྱུ་གལ་ཆེན་པོ་དང་། ནང་བསྟན་དང་སྤྱི་ཚོགས་ཞེས་པའི་བགྲོ་གླེང་གི་བརྗོད་གཞི་ལ་ཐུགས་དགྱེས་འཚོར་ཆེན་པོ་གནང་སོང་།

ཚོགས་འདུ་དེའི་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་༡༧ ནས་སྐུ་ཚབ་༡༥༠ ལྷག་ཙམ་དང་། ཨེ་ཤ་ཡ་ནང་པའི་རྒྱལ་ཁབ་ཁག་ནས་ནང་པའི་དབུ་ཁྲིད་གྲགས་ཅན་མི་སྣ་༥ བཅས་ཡོད་པ་རེད། རྒྱལ་སྤྱིའི་བགྲོ་གླེང་ཐེངས་དང་པོ་དེ་༢༠༡༡ ལོར་ཐེ་ཝན་དུ་འཚོགས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༣ ནས་༡༥ བར་ཉིན་གྲངས་གསུམ་རིང་ནང་ཆོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཕན་བདེ་དང་ཞབས་ཞུ་ཅི་ཞིག་བསྐྲུན་ཐུབ་ཀྱི་ཡོད་མེད་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད།

ཐེངས་འདིའི་ཝཱནའི་༧གོང་ས་མཆོག་གིས་མཛད་འཕྲིན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་ཕྱི་ཚེས་༡༣ ཉིན་རྒྱབ་ཆུ་ཚོད་༢ ཐོག་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་སོང་།།
ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་།varna1_2013_1_13