༄༅།།གསེར་རྙེད་པའི་ཉིན་མོ།།
ང་བསྡད་སའི་སྒོ་རྡུང་ནས། ལངས་རན་འདུག། ལངས་རན་འདུག། ཅེས་འབོད་བྱུང་། དེ་ནི་གཞན་མིན་པ་ངའི་དཔེ་མཚམས་རོགས་པ་རེད། ང་ཡང་མགྱོགས་པོ་ལངས་ཏེ་ཁ་ངོ་བཀྲུས་ཏེ་དཔེ་ཆ་བློ་འཛིན་བྱས། ངས་གློག་འོད་ཀྱི་མདུན་དུ་འདོན་གྱིན་འདོན་གྱིན་ནམ་ལངས་ཏེ་ཞོགས་ཟས་བཟོ་བའིི་དུས་ལ་སླེབས་བྱུང་། ཚོུད་བདུན་དང་ཕྱེད་ཀ་མ་ཟིན་ཙམ་རེད། ངས་མེ་ཐབ་ཅིག་ལ་ཇ་སྐོལ་ཞིང་གྲོ་ཞིབ་བརྫིས། རོགས་པས་སྣོད་ཆས་འཁྲུ་བཞིན་ཡོད། སྐར་ཆ་འགའ་ཞིག་གི་རྗེས་སུ་མེ་ཤི་ཚར་འདུག།
ཞིབ་ཏུ་བལྟ་དུས་རླུང་རྫས་ཡོངས་སུ་རྫོགས་འདུག། གྲོ་ཞིབ་བརྫིས་ཚར་ཞིང་ཇ་ཡང་བསྐོལ་འཕྲོ་ལུས་འདུག་པས་ཕོ་བྲང་དཀོར་གཉེན་ལ་རེ་བ་མི་བཅོལ་ཐབས་མེད་རེད། དཀོར་གཉེར་གྱིས་འཕྲིན་བཅོམ་གཏོང་བཞིན་འདུག་ལ་ལབ་ཙམ་བྱས་པས་འགྲིག་གི་རེད་ཅེས་བཤད་བྱུང་། དེ་ནས་དཀོར་གཉེར་ངེད་གསུམ་གྱིས་ཞོགས་ཟས་མཉམ་དུ་ཟོས་ནས་གཏམ་བཤད་གཏམ་གྱི་མཐའ་ལ་ངེད་གསུམ་ཀ་སེ་རར་འགྲོ་རྒྱུར་གྲོས་འཆམ་བྱུང་། ངེད་གསུམ་ཕོ་བྲང་གི་སྒོ་ཆེན་ནས་ཐོན། སྐབས་དེར་ཕྱོགས་ཡོངས་ནས་བསིལ་རླུང་ལྡང་ཞིང་ཉི་གཞོན་ཡང་ཧ་ཅང་བྱམས་པོ་འདུག། ངེད་ཀྱི་དམིགས་ཡུལ་ནི་རླུང་རྫས་ལེན་པའི་ཆེད་དུ་རེད། ང་ཚོའི་གོམ་ཁ་ཕོ་བྲང་གི་གཡོན་ནས་སེ་རའི་ཕྱོགས་སུ་ཕྱོགས། སྐར་ཆ་འགའ་ཞིག་གི་རྗེས་སུ་གཞུང་ལམ་གྱི་ཐབ་རྡུབ་གསེབ་ནས་དངོས་པོ་ཞིག་ངས་མཐོང་བྱུང་། དེ་ནི་གཞན་མིན་པ་སོར་གདུབ་ཅིག་རེད་འདུག།
ངས་ཡར་ལེན་ནས་དམིགས་བསལ་གྱི་ཚོར་སྣང་སོགས་གང་ཡང་མེད་པའི་ཐོག་རྩེ་འཚར་གྱིས་ཨེ་དཀོར་གཉེར། ངས་མགར་ཞིག་རྙེད་བྱུང་ལབ་ནས་ཁོང་གི་ལག་ཏུ་སྤྲོད། ཁོང་གིས་ཞིབ་བལྟ་ཐེངས་མང་བྱས་ནས་འདི་གསེར་ངོ་མ་ཡིན་པ་ཡིད་ཆེས་བརྒྱ་ཆ་བརྒྱད་ཅུ་འདུག་ཟེར། ང་ཡིད་མ་ཆེས་ལ་ངའི་རོགས་པ་ཡང་ཡིད་ཆེས་བྱེད་ཀྱི་མི་འདུག། ང་ཚོས་སོར་གདུབ་བམ་གཞན་གྱི་སྐོར་བཤད་ཀྱིན་བཤད་ཀྱིན་གྲོང་སྡེ་གཉིས་པའི་ཉེ་འགྲོར་ཟ་ཁང་ཞིག་ཏུ་འབྱོར། ང་ཚོ་གོམ་པ་རྐྱང་བརྒྱབ་ནས་ཡོང་བ་ཡིན་པས་དཀའ་ལས་ཅུང་ཁག་པ་དང་ཁ་ཡང་སྐམ་བྱུང། ཟ་ཁང་ནས་ཆུ་གྲང་མོ་རེ་རེ་བཏུང་བ་ཡིན། ཟ་ཁང་གི་བདག་མོ་ཨ་མ་དེའི་ལག་གཡོན་ལ་སོར་གདུབ་གཉིས་བརྒྱབ་འདུག། དཀོར་གཉེར་གྱིས་ཨ་མ་སྐད་གཏོང་ནས་ཁྱེད་རང་གི་སོར་གདུབ་དེ་གསེར་རེད་པས་སྐད་ཆ་དྲིས་སོང་། ཨ་མས་རེད་ཟེར། ང་ཚོ་ལ་བསྟན་རོགས་ལབ་པ་ཡིན། ཨ་མས་སོར་གདུབ་གཉིས་རེ་རེ་ནས་ཕུད་གྲབས་བྱས་ཀྱང་ཕུད་མ་ཐུབ། ཕལ་ཆེར་ལོ་མང་པོ་ཞིག་ལ་ཕུད་མེད་པ་འདྲ། རྙེད་པའི་སོར་གདུབ་དེ་ཨ་མ་ལ་བསྟན་ནས་འདི་གསེར་ཨེ་ཡིན་སྐད་ཆ་དྲིས། ཨ་མས་ཡིན་ས་རེད་བོད་པ་ཚོས་བཟོ་བལྟ་འདི་འདྲ་བཟོ་ཀྱིན་འདུག་ཟེར། ང་ཚོས་རྙེད་བྱུང་ལབ་པར་ཨ་མས་ཤ་ཚ་ཟེར།
སྐབས་དེར་ང་ལ་ཚོར་སྣང་ཧ་ཅང་ཆེ་པོ་བྱུང་། ངས་རྙེད་པ་དེ་གསེར་རེད་ལབ་པ་ལས་ཤ་ཚ་ཞེས་པའི་ཚིག་དེ་ངའི་སྙིང་ལ་ཧ་ཅང་གཟེར་པོ་བྱུང་། ངའི་བསམ་བློ་གྱ་གྱུར་ནང་གི་ཐག་བཅད་པ་ནི། ང་རྒྱུ་ལ་འདོད་རྔམས་ག་ཚད་ཆེ་ཡང་གཅེས་ནོར་བོར་བའི་རྒྱུ་བདག་ངོ་མ་ཐུག་པ་ཡིན་ན་ཕར་སྤྲོད་དགོས་བསམ་བྱུང་། རབ་ཏུ་བྱུང་བས་སོར་གདུབ་ཉར་བ་དང་གསེར་ལ་རེག་ན་མི་འོས་པ་འདུལ་བའི་ནང་ད་ལྟ་ངའི་མིག་མདུན་དུ་ཡོད་བཞིན་པ་རེད། སོར་གདུབ་འདི་ང་ལ་མཚོན་ན་གསེར་གྱི་རིན་ཐང་མ་གཏོགས་མེད་ན་ཡང་འདི་གཞོན་ནུ་མ་ཞིག་གི་ཡིན་བཟོ་འདུག་པས་རིན་བྲལ་གྱི་བརྩེ་དུང་གི་མདུད་པ་ཡང་ཡོད་སྲིད་སྙམ་སྟེ་རྒྱུ་བདག་ངོ་མ་ལ་སྤྲོད་འདོད་ཀྱི་འདུན་པ་ཇེ་ཆེ་འགྲོ་སོང་། ངས་རོགས་པ་གཉིས་ལ་གྲོང་མི་ཚོ་ལ་ཁྱབ་བསྒྲགས་བྱེད་ལབ་པ་ཡིན། རོགས་པ་གཉིས་ཀྱིས་ཡག་པོ་རེད་གསུངས་བྱུང་ད་དུང་བཀའ་སློབ་གནང་སོང་། འབྲི་མཚམས་འདི་ལ་བཞག་ནས་ཚོུད་བཞི་ཙམ་འགྲོ་ཟིན་འདུག། ངས་གནས་ཚུལ་མང་པོ་ཞིག་གསར་དུ་ཤེས་སོང་བས་བྱ་བ་འདིའི་མཇུག་གྲུབ་པ་འདྲ་པོ་འདུག། ཡིན་ན་ཡང་མུ་མཐུད་ནས་དེ་རིང་གི་གནས་ཚུལ་འབྲི་གིན་ཡིན། ད་ལྟ་ཚོུད་བརྒྱད་པ་ཟིན་སོང་། རེད་རེད་སྐབས་དེར་ཚོུད་༡༡་དང་ཕྱེད་ཀ་ཙམ་ཡིན། ངེད་གསུམ་གྱིས་གོམ་པ་བརྒྱབ་ནས་གྲོང་སྡེ་གསུམ་པ་ནས་ཉིན་གོང་ཁ་ལག་བཟས། དེ་ནས་སེ་ར་བར་དུ་ཨོ་ཀྲོ་ལ་ཆས། ཤག་ཏུ་འབྱོར་ནས་དགེ་དང་སྤུན་མཆེད་རྣམས་ཐུག། ཚོུད་ཕྱེད་ཀ་གཉིད་ཉལ་བ་ཡིན།ངས་སོར་གདུབ་རྙེད་རབས་གཏན་ནས་བཤད་མེད་དེ་ནི་ངས་བདག་པོ་ལ་སྤྲོད་རྒྱུར་ཐག་བཅད་ཚར་བ་དང་བཤད་ཀྱང་ཕན་ཐོགས་མེད་པ་ང་ལ་ཚོར་སྣང་བྱུང་། དེ་ནས་དགེ་དབང་རྒྱལ་བརྒྱུད་ནས་རླུང་རྫེས་བརྗེ་བ་ཡིན་ལག་ཁྱེར་མེད་པ་དང་གློ་བུར་དུ་དགོས་མཁོ་བྱུང་བ་ཡིན་དུས་རླུང་རྫེས་ཆེ་བ་གཅིག་ལ་ཧིན་སྒོར་༡༣༠༠་རེད་འདུག། གྲྭ་རྐྱང་དཔེ་མཚམས་པ་ཞིག་ལ་མཚོན་ན་དེ་ནི་གོང་ཧ་ཅང་ཆེ་དྲགས་འདུག། ཚང་ཁང་ནས་དགོས་མཁོ་ཅན་གྱི་ཅ་དངོས་ཁ་ཤས་ཉོས་ནས་སྟབས་འཁེལ་པ་ཞིག་ལ་འཛིན་གྲོགས་དབང་རྒྱལ་དང་ཐུག་བྱུང་། ཁོང་ནི་ཕྱི་རྒྱལ་ལ་ཕེབས་ནས་ལོ་བཅུ་ཙམ་ཆས་ཟིན་ན་ཡང་ཁོས་གཟན་ཤམས་གོན་ནས་ང་གཉིས་ཐུག་བྱུང་། འདི་ནི་དེང་སང་ཧ་ཅང་དཀོན་པའི་ལོ་རྒྱུས་ཞིག་རེད་དེ་ཞིབ་འབྲི་བྱེད་ཁོམ་མེད། ང་གཉིས་སེ་ར་དགོན་པའི་སྲང་ལམ་ཞིག་ནས་ཕན་ཚུན་ལག་པ་གཏོང་རེས་བྱེད་བཞིན་གླེང་མོ་བྱུང་། ངས་ཨུ་ཚུགས་བྱས་ཀྱང་ལམ་གྲོན་གྱིས་ཟེར་ནས་དངུལ་ཏོག་ཙམ་སྤྲོད་བྱུང་།
ང་གཉིས་ཁ་གྱེས་པ་དང་ཨོ་ཀྲོ་གླ་ཆ་༦༠་སྤྲོད་ནས་དཔེ་མཚམས་བསྡད་ཡུལ་དུ་ཡོང་བ་ཡིན། དཀོར་གཉེར་གྲོག་སྡེ་དང་པོ་ལ་སྔོན་ནས་ཕེབས་ཚར་འདུག། རོགས་པ་ཡང་གྲོང་སྡེ་དང་པོར་ལས་དོན་འདུག་པས་ང་གཅིག་པོ་ཕོ་བྲང་དུ་འབྱོར། དེ་ནས་ཉིན་ཐོའི་ལན་ཚན་དང་པོ་དེ་འབྲི་བ་ཡིན། དཀོར་གཉེར་ནས་གྲོང་སྡེའི་སྤྱི་མིར་ཁ་པར་གཏོང་ཞོར་ནས་ཨ་མ་ཞིག་གིས་ཁོང་གི་སོར་གདུབ་གཡུགས་འདུག་ཅེས་བཟོ་དབྱིབས་སོགས་ཧ་ཅང་མཚུངས་པ་ལབ་འདུག། ཡིན་གེ་འདི་བྲིས་ནས།༼༄༅།།སྤྱི་མི་དང་གྲོང་མི་ལྷན་རྒྱས་ལ་ཆེད་ཞུ། རྒྱལ་བའི་ཕོ་བྲང་དུ་ཡོད་པའི་དགེ་འདུན་པ་ཞིག་གིས་རིན་ཐང་ཅན་གྱི་དངོས་པོ་ཆུང་ཆུང་ཞིག་༡༣་་་་༡་་་་༢༠༡༣་གྱི་ཞོགས་པར་རྙེད་བྱུང་བས་ངོ་རྟགས་གཙང་མ་ཆད་པ་དང་བདག་པོར་ར་འཕྲོད་བྱུང་ན་ཕར་སྤྲོད་ཀྱི་ཡིན། གང་མགྱོགས་འབྲེལ་བ་གནང་རོགས་འབྲེལ་ཡུལ་ཁ་པར་ཨང་གྲངས་་་་་་་་་་་་་༽འདི་སྤྱི་མི་རྣམས་ལ་ཕུལ་འདོད་བྱུང་།སྐབས་དེར་ཚོུད་༥་དང་ཕྱེད་ཀ་ཙམ་ཟིན་ཚར་འདུག་པས་གྲོང་སྡེ་རེ་རེ་ལ་འགྲོ་ཁོམ་མི་འདུག། ཐབས་ཤེས་གཅིག་ཡོད་པ་ནི་ཕོ་བྲང་གི་ཟུར་དུ་འོ་མ་བསྐྱེལ་ས་ཞིག་ཡོད་པས་དེ་ལ་འོ་མ་བསྐྱེལ་མཁན་གྲོང་སྡེ་སོ་སོའི་མི་སྣ་འོང་བཞིན་པ་རེད། འཕྲུལ་ཆས་བརྒྱུད་ནས་ཡི་གེ་འདི་འདྲ་བཤུས་བྱེད་མཁོ་མི་འདུག་ལ་ལག་བྲིས་མ་གསུམ་ཙམ་བྱས་ནས་འོ་མ་བསྐྱེལ་མཁན་བརྒྱུད་ནས་གྲོང་སྡེ་བརྒྱད་པ་དང་དགུ་པ་བཅུ་པ་གསུམ་ལ་བསྐུར་བ་ཡིན།གྲོང་སྡེ་འདི་གསུམ་ནི་ཚད་དཔག་གི་རེ་བ་ཆེ་ཤོས་རེད། སང་ཉིན་ཅི་ཡོང་ད་དུང་ཤེས་མ་སོང་བས་ཚད་དཔག་བྱས་ན་གྲོང་སྡེ་བརྒྱད་པའི་ཨ་མ་ཞིག་གི་དེ་ཡིན་པས་དཔང་རྟགས་ཁ་ཤས་སླེབས་སོང་། ༼གང་གི་ཉིན་ཐོ་འདི་མདང་དགོང་ཚོུད་༡༡་ཡས་མས་བང་ཆེན་ཟིན་བྲིས་སུ་སྤེལ་འདོད་སྐྱེས་ཀྱང་སྤེལ་ཐུབ་མ་སོང་། དེ་རིང་གི་ཚོུད་༤་པ་མ་ཟིན་ཙམ་ལ་སོར་གདུབ་དེ་ངའི་ལག་ཏུ་ཡོད། གྲོང་སྡེ་དགུ་པའི་སྤྱི་མི་བུད་མེད་ཅིག་ནས་ཁ་པར་སླེབས་སོང་།་ད་ནངས་ཞོགས་པར་གྲོང་སྡེ་བརྒྱད་པའི་སྤྱི་མི་སླེབས་ནས་ཁོང་རང་གིས་ལས་སྟངས་དང་མདང་དགོང་ཨ་མ་ལགས་དེའི་ཡིན་པར་དཔང་རྟགས་གནང་གིན་འདུག།ང་ཚོས་ཐུགས་རྗེ་ཆེ་ཞུ་ནས་དེ་རིང་དགོང་མོར་ལེན་མཁན་ཕེབས་རོགས་ཞུས་པ་ཡིན།༽