རང་ལུས་མེ་སྲེག་གཏོང་མཁན་རྣམས་ཀྱི་ཆེད་མར་མེའི་སྨོན་ལམ།
ཕྱི་ཟླ་ཚེས་༡༨ ཀྱི་དགོང་མོ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་ནུབ་ཕྱོགས། བྱང་ཆུབ་ཤིང་དབང་གི་དྲུང་དུ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་པའི་༧སྐྱབས་རྗེ་བླ་སྤྲུལ་རྣམ་པ་དང།
གྲྭ་བཙུན་སྔགས་གསུམ་དང་མི་མང་བཅས་ཀྱིས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐབས་མར་མེའི་སྨོན་ལམ་ཞིག་འཚོགས་སོང།
དེ་ཡང་གོང་ཚེས་ཉིན་གྱི་དགོང་མོ་ཆུ་ཚོད་༧ པའི་ཐོག་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང། སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་རྗེ་མཁན་སྤྲུལ་རྣམ་པ་དང། གྲྭ་བཙུན་སྔགས་གསུམ་གྲངས་༨༠༠༠ ཙམ་དང་མི་མང་བཅས་སེར་སྐྱ་མི་མང་ཆིག་ཁྲི་ལྷག་གིས་རྡོར་གདན་མཆོད་རྟེན་རིན་པོ་ཆེའི་ནུབ་ཕྱོགས་བྱང་ཆུབ་ཤིང་དབང་གི་དྲུང་དུ། བོད་རྒྱལ་བསྟན་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་རྣམས་ཀྱི་ཆེད་དུ་མར་མེའི་སྨོན་ལམ་རྒྱས་པ་ཞིག་འཚོགས་སོང་བ་དང། སྐབས་དེར་སེར་སྐྱ་མི་མང་ཡོངས་རྫོགས་ཀྱི་ཕྱག་ཏུ་སྣང་གསལ་ཐོགས་ཤིང། ཐོག་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་མར་མེའི་སྨོན་ལམ་འུར་འདོན་གནང་བ་དང། དེའི་རྗེས་སུ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་མར་མེ་སྨོན་ལམ་ཡེ་ཤེས་འོད་གསལ་དེ་ཉིད་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ཚིགས་རྐང་རེ་བཞིན་དབྱངས་དང་བཅས་གསུངས་པར། ཚོགས་མང་ཡོངས་ཀྱིས་རྗེས་ཟློས་མཛད། དེ་ལྟར་མར་མེའི་སྨོན་ལམ་གྲུབ་མཚམས་སྐྱབས་རྗེ་རྣམ་པས་མཆོད་རྟེན་རིན་པོ་ཆེ་ལ་ནང་སྐོར་ནས་ཞབས་སྐོར་ལན་གསུམ་མཛད་པ་དང། སྣང་གསལ་མར་མེ་སྨོན་ལམ་དེ་ཉིད་མཇུག་བསྡུས་ཡོད་པ་རེད།།