བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བོད་དོན་ལས་འགུལ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་སྣེ་འཁྲིད་འོག རྒྱ་གར་གྱི་ས་ཁུལ་༧༠ ལྷག་གི་ནང་བསྐྱོད་དེ། དོན་ཚན་ལྔའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་བསྟན་འཛིན་རྣམ་མཛེས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༢ ཕྱི་ཟླ་༡༢ ཚེས་༡༧ ནས་དབུ་འཛུགས་བྱས་ཡོད་པ་དང་ལས་འགུལ་གྱི་དམིགས་ཡུལ་དོན་ཚན་ལྔ་ནི། དང་པོ། བོད་ནང་གི་ཛ་དྲག་གི་གྱེན་ལངས་ངོ་སྤྲོད་དང་། གཉིས་པ། བོད་པ་ནང་ཁུལ་དང་རྒྱ་གར་གྱི་ཡུལ་མིའི་བར་གྱི་མཐུན་ལམ་ཇེ་ཟབ་ཏུ་གཏོང་ཐབས། གསུམ་པ། འཛམ་གླིང་གི་མང་གཙོའི་བྱུང་རབས་དང་མང་གཙོའི་རྣམ་གྲངས་ངོ་སྤྲོད། བཞི་པ། བོད་ཀྱི་མང་གཙོའི་བྱུང་རབས་དང་མང་གཙོ་ཉམས་སུ་ལེན་ཕྱོགས། ལྔ་པ། བཙན་བྱོལ་ནང་མི་རབས་གསར་པའི་དབུ་ཁྲིད་པའི་བོད་དོན་ལས་འགུལ་ཁག་ལ་མང་ཚོགས་ཀྱིས་མཉམ་ཞུགས་རྒྱབ་སྐྱོར་ཞུ་སྟངས་བཅས་དོན་ཚན་ལྔའི་ཐོག་འགྲེལ་བཤད་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ལས་འགུལ་དེ་རྒྱ་གར་ནང་ཁུལ་གྱི་མོ་ཧཱ་ལིའི་ས་གནས་སོགས་ས་ཁུལ་བདུན་བཅུ་ལྷག་ལ་དྲིལ་བསྒྲགས་ཀྱི་ངོ་བོའི་ཐོག་ནས་ལས་འགུལ་སྤེལ་བ་དང་། ལས་འགུལ་དེའི་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་དང་རྩིས་པ་བསྟན་འཛིན་དར་རྒྱས་གཉིས་ས་ཕྱོགས་གཅིག་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲུང་ཆེ་སེར་སྨད་བློ་དགའ་དང་རྒྱུན་ལས་དཔལ་འབྱོར་ཚེ་རིང་། རྒྱུན་ལས་བསྟན་འཛིན་རྣམ་མཛེས་བཅས་ས་གནས་གཞན་ཁག་ཏུ་ལས་བགོས་བྱས་ཏེ་སྐྱོར་བསྐྱོད་བྱས་པ་དང་། རྒྱ་གར་གྱི་ཡུལ་མིས་མཚོན་མི་རིགས་གཞན་དང་བོད་རིགས་དང་བོད་པ་བཙན་བྱོལ་བ་བཅས་ཡོད་སའི་ཡུལ་ཁག་ཏུ་བསྐོར་བསྐྱོད་ཟིན་འདི་ཟླའི་ཚེས་༢༠ ཉིན་ཡོངས་སུ་མཇུག་སྒྲིལ་ཡོད་པ་རེད།
ལས་འགུལ་དེའི་ནང་རྒྱ་གར་གྱི་དཔོན་རིགས་མཇལ་འཕྲད་དང་ངོ་སྤྲོད་གཏམ་བཤད། དྲིལ་བསྒྲགས་བརྙན་རིས་ཁྱབ་བསྒྲགས་དང་གྱང་འགོད་པར་རིས་སྦྱར་འགྲེམས། རྒྱལ་གཅེས་དཔའ་བོའི་མཚན་གཞུང་དང་ཁྱབ་ཁོངས་ངོ་སྤྲོད་ཀྱི་ཡིག་ཆ་འགྲེམས་བཀྲམ། མང་ཚོགས་ལ་དྲི་བ་དྲིས་ལན་གྱི་ལམ་ནས་ལས་འགུལ་དེ་དག་གཏིང་ཟབ་པོར་ངོ་སྤྲོད་ཐུབ་ཐབས་བྱས་ཡོད་པ་རེད། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་དང་སྤྱི་ཁྱབ་རྩིས་པ་དར་རྒྱས་རྣམ་གཉིས་ཚོགས་པའི་དྲིལ་བསྒྲགས་སྐོར་བསྐྱོད་དང་འབྲེལ་རྒྱ་གར་གྱི་(Dimapur) ས་གནས་སུ་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་ (C.M chang) མཆོག་དང་མཇལ་འཕྲད་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་ཞིབ་རྒྱས་ཐོག གྲོས་ཚོགས་ཀྱི་འཐུས་མི་ལ་རྒྱ་གར་གྲོས་ཚོགས་ནང་བོད་དོན་ཤུགས་ཆེར་གླེང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། གྲོས་ཚོགས་ཀྱི་འཐུས་མི་ཁོང་གིས་ཀྱང་དེ་ལྟར་ཞལ་བཞེས་གཙང་མ་གནང་བ་མ་ཟད། བོད་དོན་ཐོག་ཐུགས་ཕམ་ཆེན་པོའི་ངང་། བོད་ཀྱི་ཛ་དྲག་གི་གནས་སྟངས་དེ་འཛམ་གླིང་གི་གླེང་སྟེགས་ཐོག་འཇོག་ཐུབ་པ་དགོས་རྒྱུ་དང་བོད་ཀྱི་སྐད་ཡིག་གིས་གཙོས་པའི་རིག་གནས་སྲུང་སྐྱོབ། བོད་ཕྱི་ནང་གཉིས་ཀྱི་བོད་པ་རྣམས་མཐུན་འབྲེལ་དམ་ཟབ་ངང་མདུན་མཆོངས་ཆེན་པོའི་ལས་འགུལ་སྤེལ་དགོས་སྐོར་ལམ་སྟོན་གནང་ཡོད།
དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་སེར་སྨད་བློ་དགའ་དང་དབུས་རྒྱུན་སྤྱི་ཁྱབ་དཔལ་འབྱོར་དོ་དམ་པ་སྤུ་ཧྲེང་དཔལ་ལགས་རྣམ་གཉིས་རྒྱ་གར་རཱ་ཇཱ་སི་ཋན་(Rajsthan) ནང་གི་པཱལི་(pali) ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་གར་གཞུང་འབྲེལ་ཀོང་རཱིསའི་སྲིད་དོན་ཚོགས་པའི་ས་གནས་འཐུས་མི་དང་ཁ་ཆེའི་ཆོས་དཔོན་དམ་པ་(Hakim bhai (parshad) 19 མཆོག་དང་། Mehboob Bhai(parshad) 20 རྣམ་གཉིས་ལ་མཇལ་འཕྲད་ཞུས་པ་མ་ཟད། གྷཱང་ངྷི་ནཱ་གར་གྱི་ཁྲིམས་དཔོན་ཆེན་མོ་ཞིག་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་དུས་ཡུན་རིན་པོར་ཞུ་སྐུལ་དང་དྲི་བ་དྲིས་ལན་བྱས་ཡོད་པ་རེད།