དངོས་ཁམས་དང་སེམས་གཤིས་རིག་པའི་གྲུབ་དོན་གསར་བ།

༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦ པ་འབྲས་སྤུང་ཆོས་སྒར་དུ་ཚོགས་པར་ལྟ་བ།

སེར་ཤུལ་རིན་ཆེན་དོན་གྲུབ།

rinchen_dundup123སྤྱི་ལོ་༢༠༡༣ ལོའི་ཟླ་༡ ཚེས་༡༧ ནས་༢༢ བར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུང་ཆོས་སྒར་དུ་ལོ་རྒྱུས་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦ པ་སྐོང་ཚོགས་གནང་།

  ཚོགས་འདུ་དེར་ཕེབས་མཁན་གྱི་མི་སྣ་གཙོ་བོ་ནི་ནུབ་ཕྱོགས་ཀྱི་དངོས་ཁམས་དང་ཀླད་རྩའི་ཚན་རིག་སྐོར་གྱི་མཁས་པ་འབུམ་རམས་པ་ཁག་ཅིག་དང་། ནང་པའི་གཞུང་ལུགས་རམས་འབྱམས་ལ་མཁས་པའི་དགེ་བཤེས་ལྷ་རམས་པ་དང་། ཕྱི་རྒྱལ་གྱི་མཐོ་སློབ་ཁག་ནས་འབུམ་རམས་པའི་མཚན་གནས་ཐོབ་པའི་ནང་པའི་མཁས་པ་དག་རེད། ཆེས་གལ་གནད་ཆེ་བ་དང་གླེང་བར་འོས་པ་ཞིག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་ནང་དོན་རིག་པའི་མཁས་དབང་ཆེན་པོ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་བར་མ་ཟད་ནང་དོན་རིག་པ་དང་དངོས་ཁམས་ཚན་རིག་གི་ཆེས་ཟབ་གནད་ཕྲ་མོའི་དཀའ་གནད་དག་ལ་ཕྲ་ཞིབ་ཀྱི་སྤུ་རིས་ལེགས་འབྱེད་གནང་བ་དེ་རེད།

འགྲོ་བ་མིའི་བདེ་དོན་འཚོལ་སྒྲུབ་ཀྱི་བསམ་ཕྱོགས་ནས་ནང་ཆོས་ཀྱི་གཞི་རིམ་ལྟ་གྲུབ་དང་ཚན་རིག་པའི་ལྟ་སྟངས་ཀྱི་ལེགས་ཕྱོགས་ཟུང་འབྲེལ་གྱིས་བདེ་བའི་རྨང་གཞི་སྐྲུན་ཐབས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་འདུ་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་བླང་དོར་ལམ་སྟོན་འོག་ ༡༩༨༧ ལོར་ཐོག་མར་དབུ་བཙུགས་ཡོད་འདུག ཚོགས་འདུ་འདི་ཚོགས་ནས་བགྲོ་གླེང་དང་གྲོས་བསྡུར་གྱི་གྲུབ་དོན་ལེགས་བསྒྲིགས་ཀྱིས་ད་བར་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ལ་སེམས་ཀྱི་སྒོམ་སྒྲུབ་ཀྱི་ཐོག་ནས་ནད་གསོ་ཐབས་ཀྱི་དབང་རྩའི་ཚན་རིག་ཟུར་གསལ་དུ་གསར་གཏོད་བྱེད་ཐུབ་པ་བྱུང་ཡོད་ཅེས་སེམས་དང་སྲོག་གི་ཚོགས་པའི་ཚོགས་གཙོ་ཨར་ཐུར་ཛ་ཇོང་གིས་བཤད། ནང་བའི་དགེ་འདུན་པ་རྣམས་ཚན་རིག་གི་ཕྱོགས་སུ་སྐུལ་དེད་བྱས་པ་དེས་ཚན་རིག་པས་ནང་ཆོས་ཉམས་རྒུད་དང་གཏོར་བཅོམ་བྱེད་པ་ལས་ལྡོག་ཏེ་བགྲོ་གླེང་དང་ཚོགས་འདུ་འདི་ལྟ་བུའི་ནུས་ཤུགས་ཀྱིས་ནང་བའི་རིག་གཞུང་དེ་ཚན་རིག་པས་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་དང་། ལེགས་ཆ་ཡོད་པའི་ངོས་འཛིན་འཐོབ་བཞིན་པ་དང་དེ་ལྟ་བུའི་ནུས་ཤུགས་ཀྱིས་ནང་བ་དང་ནང་བའི་རིག་གཞུང་གི་གཟི་བརྗིད་ཚན་རིག་པའི་བསམ་བློའི་ནང་དང་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་སེམས་ཀྱི་གོ་སར་རིན་ཐང་གི་ལྗིད་ཚད་ཆེ་རུ་འགྲོ་བཞིན་ཡོད། དེས་ནི་༸གོང་ས་མཆོག་གི་ཡང་དག་པའི་དགོངས་བཞེད་ཀྱི་བླ་ན་མེད་པའི་རིན་ཐང་གསལ་བཤད་བྱས་ཡོད།

ཚོགས་འདུ་འདིའི་སྐབས་སུ་ཚད་མ་རིག་པ་དང་དབུ་ཕར་གྱི་གཞུང་ལུགས་ལ་རྩོད་སྒྲུབ་ཀྱི་རིགས་ལམ་བྱང་བའི་ནང་དོན་རིག་པའི་མཁས་དབང་དག་གིས་སྤོབས་པ་དང་གདེང་ཚོད་ཀྱི་སྒོ་ནས་རྩོད་སྒྲུབ་ཀྱི་ནུས་པ་ཆེས་ཆེར་བཏོན་ཐུབ་པ་མ་ཟད་ཚན་རིག་མཁས་དབང་དག་གི་མདུན་ནས་གང་ལ་ཡང་གཉའ་ཞུམ་མི་དགོས་པའི་གདེང་ཚོད་ཀྱིས་འཇུག་བཞིན་འདུག འདིའི་སྐོར་ལ་ཕྱི་ནང་རིག་གནས་ཀུན་ལ་མཁས་པའི་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པས”ངས་ནུབ་ཕྱོགས་ཀྱི་རིག་གནས་ལ་སློབ་སྦྱོང་གང་འཚམ་བྱས་མོད་དེ་ལ་སྤོབས་པ་གང་ཡང་མེད། ང་ལ་སྤོབས་པ་ཞིག་ཡོད་པ་ནི་གདན་ས་ཆེན་པོའི་ནང་དུ་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་པ་དེ་ཡིན”ཞེས་སེམས་ཚོར་དྲག་པོས་བཤད། བདག་ཚོགས་འདུ་འདིར་ཞུགས་པའི་རྒྱུད་རིམ་ནང་གུ་ཡངས་རང་བཞིན་གྱིས་གོ་རྟོགས་སྤེལ་རེས་ཀྱི་སྣང་ཚུལ་འདིས་འགྲོ་བ་མིའི་བདེ་དོན་སྒྲུབ་པའི་དམིགས་ཡུལ་གྱིས་ལེགས་སྒྲུབ་ཟུང་འབྲེལ་གྱིས་རིག་གཞུང་བརྗེ་རེས་འདིར་ཡི་རང་ཞིང་སེམས་དུང་བར་གྱུར་ལ་ལས་གཞི་འདི་ལྟ་བུ་ནི་ནང་བ་དང་བོད་མི་རིགས་ཀྱི་ངོས་ནས་བླ་ན་མེད་པའི་རིན་ཐང་གི་སྒུལ་ཤུགས་ཤིག་ཏུ་ཡང་ཚོར། ནང་བ་དང་ནུབ་ཕྱོགས་ཚན་རིག་པ་དག་གིས་རིན་ཐང་ལྟ་ཚུལ་དང་། གཤིས་གོམས་སྤྱོད་ཚུལ་གྱི་ངོས་ནས་འགལ་ཟླའི་རང་བཞིན་ལྡན་ཡང་འགྲོ་བ་མིའི་བདེ་དོན་སྒྲུབ་པའི་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ནས་ཟུང་འབྲེལ་ནུས་ཤུགས་ཀྱི་རིན་ཐང་བླ་མེད་དུ་ལྡན་པ་གྲུབ་འབྲས་འདི་དག་གིས་གསལ་བཤད་བྱས་འདུག ངས་དེ་སྔོན་བདག་དཔེ་ཚོགས་ཀྱི་དེབ་ཅིག་ཏུ་ཚན་རིག་དང་ནང་བའི་ལྟ་གྲུབ་ཀྱི་བར་གྱི་མཐུན་ཐབས་མེད་པའི་འགལ་ཟླ་མང་པོ་གླེང་རྗེས་དེ་གཉིས་ཟུང་འབྲེལ་གྱིས་ཕན་ནུས་ལྡན་པའི་ལས་འཆར་གང་ཡང་སྒྲུབ་མི་ཐུབ་པར་བཤད་ཡོད་པ་དྲན།

དེ་རིང་དངོས་ཁམས་ཚན་རིག་གི་འབུམ་རམས་པ་དག་གིས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་འགྲོ་བ་མིའི་བདེ་དོན་གྱི་ཕྱོགས་ལ་ནུས་པ་ཐོན་ཐུབ་པའི་བསམ་ཚུལ་རྒྱུ་མཚན་ལྡན་པ་དག་གླེང་སྐབས་ངས་རྒྱུ་མཚན་མང་པའི་ལམ་ཕྱོགས་དེར་ཡིད་ཆེས་རྙེད་པ་དང་། རང་གཞན་གྱི་རིག་པའི་གཞུང་ལུགས་ཀྱི་གཏིང་རྒྱུས་མ་ལོན་པའི་བཤད་པ་རྒྱུ་མཚན་བྲལ་བ་དེ་ཚོར་ཡི་མུག་པར་གྱུར། ཚོགས་འདུ་འདིའི་གལ་གནད་ཆེ་བའི་གནད་དོན་གཞན་ཞིག་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ནང་བའི་གདན་ས་ཆེན་པོ་ཞིག་ཏུ་ཚོགས་ཐུབ་པ་བྱུང་བ་འདི་རེད། དེས་གདན་སའི་ནང་དོན་རིག་པའི་སློབ་གཉེར་བ་རྣམས་ལ་ཕན་པ་མ་ཟད་ནུབ་ཕྱོགས་ཚན་རིག་པ་དག་ལའང་ཤར་ཕྱོགས་ཀྱི་སྲོལ་རྒྱུན་རིག་པའི་སློབ་གཉེར་གྱི་དམིགས་བསལ་ལམ་སྲོལ་དག་ལ་རྒྱུས་ལོན་དང་གོ་རྟོགས་བྱུང་བར་ཚོགས་ཞུགས་ཚན་རིག་པ་རྣམས་ཀྱིས་ངོས་འཛིན་བྱས། འདི་ལྟ་བུའི་ཚན་རིག་པ་དང་ནང་བ་བའི་བར་གྱི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཤེས་བྱ་ཡར་རྒྱས་གཏོང་ཐབས་དང་། ནང་བསམ་བློའི་གོ་རྟོགས་དང་། ཕྱི་དངོས་དངོས་པོའི་ཤེས་ཡོན་ཟུང་འབྲེལ་གྱིས་འགྲོ་བ་མིའི་བདེ་བའི་གཞི་རྩ་སྐྲུན་ཆེད་ཡིན་པ་༸གོང་ས་མཆོག་གིས་བཀའ་བསྩལ་མཛད། ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ་ནང་བ་བ་དང་ཚན་རིག་པའི་མཉམ་འབྲེལ་གླེང་སྟེགསཀྱི་ལས་གཞི་དང་ཚོགས་འདུ་འདིས་ནང་དོན་རིག་པ་གལ་ཆུང་དང་ཚན་རིག་གལ་ཆེན་གྱི་ལྟ་ཕྱོགས་ནས་དགེ་འདུན་པ་རྣམས་ཚན་རིག་སྦྱོང་བརྡར་གྱི་ལམ་འཇུག་བྱེད་དགོས་པ་དེ་མ་ཡིན་པར་ནང་རིག་པའི་གཞུང་ལུགས་ཐོས་བསམ་གྱི་མ་གདན་ནས་ཚན་རིག་བསམ་བློས་ཟུར་རྒྱན་གྱིས་འགྲོ་བ་མིའི་བདེ་དོན་སྒྲུབ་པར་གཞོལ་དགོས་པ་དེ་རེད། དེ་ནི་བླ་མེད་པའི་དགོངས་གཞི་དང་ཕུལ་དུ་བྱུང་བའི་དུས་བསྟུན་རང་བཞིན་གྱི་ཡང་དག་པའི་ལམ་སྟོན་གསར་བ་ཞིག་ཀྱང་རེད། དེ་ཡང་༸གོང་ས་མཆོག་གིས། “དགེ་འདུན་པ་སློབ་གཉེར་བ་ཚོས་ནང་ཆོས་ཀྱི་སློབ་གཉེར་མ་རྩར་བཞག་སྟེ། ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཚན་རིག་བསླབ་དགོས་པ་རེད་ཅེས་ཚན་རིག་ལ་དོ་སྣང་གསར་པ་བསླེབས་ནས་ཀླད་པའི་ནུས་པ་བརྒྱ་ཆ་མང་བ་ཚན་རིག་ཐོག་གཏོང་རྒྱུ་ཞིག་མིན། ཁྱེད་རང་ཚོ་མང་ཆེ་བ་ངོས་ཀྱི་མདུན་ནས་ཆོས་འབྲེལ་ཐོབ་པ་ཤ་སྟག་རེད།

དེར་བརྟེན་སྔོན་ལ་སློབ་དཔོན་ལ་དཔེ་བལྟས་ནས་འགྲོ་དགོས། ངོས་ལ་ཆ་བཞག་ན། ཚན་རིག་ལ་ལྷ་སར་ཡོད་སྐབས་ནས་ཧ་ཅང་དོ་སྣང་ཡོད། འོན་ཀྱང་ངོས་རང་ཉིན་ཞག་གཅིག་ནང་དུས་ཚོད་མང་བ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། དེ་བཞིན་ནང་བའི་གཞུང་དེ་དག་དུས་ཚོད་ནམ་ཁོམ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཚན་རིག་བསླབ་རྒྱུར་ཨ་གསར་བྱས་ནས་ཚུར་ཕྱོགས་འདིར་ད་ལྟ་བར་དུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་པ་དེར་འཐུས་ཤོར་ཕྱིན་ན་རྩ་བ་ནས་འགྲིག་གི་མེད། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ང་ཚོའི་མ་རྩ་རེད། གུང་ཐང་རིན་པོ་ཆེས། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང། ཞེས་གསུངས་ཡོད། དཔེར་ན། ངོས་རང་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་རང་ཚན་རིག་དང་དེང་དུས་ཀྱི་སློབ་སྦྱོང་གང་ཡང་མེད། འོན་ཀྱང་ཚན་རིག་པ་དང་ལྷན་རྐུབ་གྲལ་བསྒྲིགས་ཏེ་སྐད་ཆ་བཤད་ནས་གོ་བསྡུར་བྱ་རྒྱུའི་སྤོབས་སེམས་ཕྲན་བུ་ཡོང་གི་ཡོད་པ་དེ་ཚད་མ་དང་དབུ་མའི་གཞུང་གི་བསམ་བློ་གཏོང་སྟངས་ཐོག་ནས་སློབ་སྐབས་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེར་བརྟེན་ཁྱེད་རང་ཚོས་དེ་དགོངས་པར་འཇགས་དགོས།”ཞེས་བཀའ་བསྩལ་ཡོད། ད་ནི་བདག་གིས་ལོ་ལྟར་གདན་ས་ཆེ་ཁག་ཏུ་འདི་ལྟ་བུའི་ཚོགས་འདུ་ཚོགས་ཐུབ་པ་དང་། ནང་དོན་རིག་པའི་མཁས་དབང་རྣམས་ཀྱང་དེང་དུས་ཀྱི་ཚད་འཛིན་མཁས་པ་དག་དང་མཉམ་དུ་བགྲོ་གླེང་གྲོས་བསྡུར་བརྒྱུད་ནང་རིག་པའི་དགེ་མཚན་གྱི་ནུས་པ་དགོན་པ་དང་བོད་པ་ལས་བརྒལ་ཏེ་སྐྱེ་འགྲོ་ཡོངས་ཀྱི་བདེ་བའི་བགོ་སྐལ་དུ་འགྱུར་བའི་རེ་སྨོན་བཅས་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན། ༢༠༡༣/༡/༢༠ ལ་བྲིས།