རང་ལུས་མེར་སྲེག་གཏོང་མཁན་ཚོར་གཞུང་འབྲེལ་མཆོད་འབུལ།

monlam_2012_1_23དེ་རིང་དགོང་དྲོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད། ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། སྲི་ཞུའི་ལས་བྱེད་རྣམ་པ་དང་།

monlam_2012_1_23

གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་པ་དང་བཙུན་མ། ས་གནས་མི་མང་བཅས་མཉམ་འཛོམས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྔ་པ་ཁྱུང་མཆུ་རྫོང་དུ་བོད་མི་གྲུབ་མཆོག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གིས་སྐུ་གྲོངས་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་༢༢ ཉིན་མདོ་སྨད་འབོ་ར་ནས་བོད་མི་དཀོན་མཆོག་སྐྱབས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བྱས་ནས་སྐུ་གྲོངས་པ་ཁོང་གཉིས་རྣམ་པ་གཉིས་གཙོས་པས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ། མྱ་ངན་གུས་འདུད་དང་དེ་དག་གི་ནང་མི་སྤུན་ཟླ་ཚོར། གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།

lobsang_2013_1_23ཚོགས་ཐོག་དེར་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་བཤད་གནང་སྐབས། ཁོང་རྣམ་པ་གཉིས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་རྗེས། རྒྱ་གཞུང་གིས་ས་གནས་མི་མང་ལ་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་དང་། ལྷག་པར་དུ་དཀོན་མཆོག་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས། ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་པར་བརྟེན་ད་ལྟའི་ཆར་ཛ་དྲག་ཆགས་ཡོད་སྐོར། དེ་བཞིན་ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་མི་ཚོར་བདེན་པ་ཡོད་པ་དེ་རྒྱལ་སྤྱིའི་སྒང་གསལ་པོ་ཆགས་ཀྱི་ཡོད་པར་བརྟེན། རྒྱ་གཞུང་གིས་དེ་དག་འགོག་ཆེད་འགྲོ་སོང་མང་པོ་ཞིག་བཏང་ནས་སྐུ་ཚབ་ཆེད་གཏོང་བྱེད་ཀྱི་ཡོད་སྐོར་དང་། ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༩༩ བྱུང་ཡོད་སྐོར་སོགས་མི་མང་ལ་ངོ་སྤྲོད་གནང་སོང་།

བོད་ནང་དུ་ད་ལྟའི་བར་རང་ལུས་མེར་སྲེག་གཏོང་མཁན་༩༩ དང་། བཙན་བྱོལ་ནང་༥། བོད་ཕྱི་ནང་གཉིས་བསྡོམས་པའི་༡༠༤ བྱུང་ཡོད་པ་དང་། དེའི་ནང་ནས་གསལ་པོར་ཤེས་རྟོགས་བྱུང་བ་བོད་ནང་ནས་༨༣ གྲོངས་ཡོད་པ་དང་། རྒྱ་གར་ནང་ནས་གཉིས་གྲོངས་ཡོད་པ་རེད།