དཀོན་མཆོག་སྐྱབས་སྐུ་གྲོངས་ཟིན་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༢༢ ཉིན་རང་ལོ་ཉེར་ལྔ་ཟིན་མ་ཐག་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ཡིས་འབོ་ར་དགོན་པའི་སྟོན་ཆོས་ཉེ་འདབ་ནས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག་པ་དང་ཕལ་ཆེར་སྐུ་གྲོངས་ཡོད་འདུག་ཅེས་འབྲས་སྤུངས་དགོན་པའི་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང་།
དེ་ཡང་ཁོང་གིས་གནས་ཚུལ་མཁོ་གཏོང་བྱས་པའི་ནང་འཁོད་དོན། དཀོན་མཆོག་སྐྱབས་ནི་འབོ་ར་སྦོག་ཚ། རྒྱང་རིང་༼རྒྱ་ར༽སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་རྡོ་རྗེ་ཚེ་བརྟན་ཞུ་བ་ཚེ་ལས་འདས་ཟིན་འདུག མ་མིང་ལ་རིན་ཆེན་འཚོ། ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་། ཨ་ཅེའི་མིང་ལ་སྙིང་མོ་སྐྱིད་ཟེར་གྱི་ཡོད་འདུག ཁོང་གཉིས་ལ་བུ་ཕྲུག་ལོ་གཅིག་ཙམ་ཅན་ཞིག་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་མེར་སྲེག་སྐབས་འབོ་ར་དགོན་པའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་། གྲྭ་པ་གཞན་རྣམས་ཚོགས་མ་གྲོལ་བའི་བར་དེར་འཁེལ་བས་སྐུ་ཕུང་རྒྱ་གཞུང་གིས་འཁྱེར་སོང་འདུག དེ་མ་ཐག་འབོ་ར་ས་ཁུལ་དུ་དམག་མི་འབོར་ཆེན་འབྱོར་ཞིང་བསང་ཆུ་རྫོང་གི་ཉེན་རྟོགས་པ་དང་དམིགས་བསལ་ཉེན་རྟོགས་རུ་ཁག་སོང་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཡོད་འདུག
རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཁོང་ནི་སྨྲ་བ་ཉུང་ཞིང་། ཉམ་ཆུང་གཤིས་ཀ་ལ། ཁྱིམ་ཚང་གི་ལས་ཀ་ཡོངས་རྫོགས་ལ་ཧུར་ཐག་འབད་ཐག་གནང་མཁན་གསར་བུ་ཡ་རབས་ཤིག་ཡིན་པའི་གནས་ཚུལ་ཡང་འདུག
རྒྱལ་གཅེས་དཔའ་བོ་ཁོང་གི་སྡེ་མི་ཡོངས་དང་གཞན་ཁྱིམ་མཚེས་མདའ་འདུ་སྡེ་བ་དང་། སྡེ་བ་ཆེ་བོ་གསུམ་གྱི་གསུམ་གྱི་མི་མང་རྣམས་ཡུལ་ཚོའི་རྒྱ་གཞུང་གི་སྲིད་གཞུང་གི་སྒོར་སོང་ནས་གནས་ཚུལ་འདྲི་བརྩད་བྱུང་བ་ལྟར་ན། དཀར་རྩི་བླ་བྲང་དུ་ཁྱེར་སོང་བས་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་ཨ་མཆོད་གཅིག་ཀྱང་སོང་མི་ཆོག་པའི་བརྡ་ལན་དང་བཙན་བཀའ་བཏང་འདུག
སྡེ་གསུམ་གྱི་རྒན་གཞོན་ཚང་མས་འདུ་འཛོམས་ཐོག གལ་ཏེ་སང་ཉིན་ཨ་མཆོད་གཅིག་ཀྱང་གདན་འདྲེན་བྱེད་མི་ཆོག་ན། ཕོ་མོ་རྒན་དར་གཞོན་གསུམ་ཡོངས་སྲིད་གཞུང་གི་སྒོར་སོང་ནས་མ་ཎི་བསྐོར་བཞིན་མ་ཎི་དབྱངས་འགུག་གིས་འདས་མཆོད་སྒྲུབ་རྒྱུ་བཅས་གཅིག་མཐུན་གྲོས་འཆམ་བྱུང་འདུག དེ་དོན་ཐེ་བོ་སྡེ་བ་དང་ལྕགས་ལམ་སྡེ་བ་སོགས་འབོ་རའི་སྡེ་བ་ཀུན་གྱིས་རྒྱབ་སྐྱོར་གནང་ཡོད་འདུག །