བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པའི་སྔ་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༢   ཕྱི་ལོ་ ༢༠༡༣/༡/༢༣
བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་སྒྱུར་བར་རྒྱ་གཞུང་ལ་འདོད་པ་མེད་པ་མ་ཟད། བར་ལམ་ནས་བཟུང་བཙན་བྱོལ་བོད་གཞུང་ལའང་འདོད་པ་མེད་པར། མཉམ་འབྲེལ་རྒྱལ་ཚོགས་ཤོག་བུའི་སྟག་རེད་ཅེས་གནད་ཡོད་ལས་སྣེ་ཞིག་གིས་བཤད་མྱོང་བ་རེད།

གནད་དོན་དེའི་འོག་ནས་རྒྱལ་ཁབ་གཞན་སུ་གཅིག་ལ་ལྟོས་མི་དགོས་པར་བོད་རྒྱའི་གནད་དོན་དེ་ཐག་གཅོད་ཡོང་བར་རེ་བ་ཆེན་པོ་ཞིག་བཙན་བྱོལ་བོད་གཞུང་གི་ངོས་ནས་བརྒྱབ་སྟེ། རྒྱ་གཞུང་དང་དངོས་སུ་གྲོས་མོལ་བྱ་རྒྱུའི་རེ་བ་གང་ཡང་མཐོང་རྒྱུ་མེད་ཀྱང་དགོས་འདུན་གྱི་གནས་བབས་ཐོག་ནས་བཤད་ན་མར་ནས་མར་བབས་པ་རེད། འོན་ཀྱང་རྒྱ་གཞུང་གིས་དེ་ལ་གཞིགས་པའི་བཟང་ཕྱོགས་སུ་གོམ་པ་སྤོ་རྒྱུའི་ཚབ་ཏུ་བོད་ནང་དམ་དྲག་དང་དྲག་རྡུང་གི་ལས་འགུལ་རབས་དང་རིམ་པ་ཞིག་སྤེལ་བ་རེད།

དེ་ལ་བརྟེན་བོད་ནང་དུ་ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ནས་བཟུང་ངོ་རྒོལ་བར་མ་ཆད་པ་དང། ཕྱི་ལོ་༢༠༠༩ ནས་བཟུང་ད་བར་མི་གྲངས་༡༠༠ ཙམ་གྱིས་བོད་རང་དབང་དང། ༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པའི་དགོས་འདུན་དང་སྦྲགས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་མཆོད་དུ་ཕུལ་བ་རེད། གནད་དོན་འདི་དག་གི་ཐོག་ནས་བོད་དོན་དེ་རྒྱལ་སྤྱི་ཅན་དུ་རང་བཞིན་གྱིས་གྱུར་སོང་བ་དང། ད་ཆ་བོད་དོན་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང། བཏང་སྙོམས་སུ་འཇོག་མཁན་དེ་བས་མང་པོ་ཡོད་ཀྱང། ཤེས་རྟོགས་མེད་མཁན་ནི་ཕལ་ཆེར་མེད་པ་ལྟ་བུ་རེད། བོད་དོན་རྒྱལ་སྤྱི་ཅན་དུ་དེ་ལྟར་རང་བཞིན་གྱིས་གྱུར་སོང་བ་རེད་ལ། བོད་ནང་དུ་ངོ་རྒོལ་གྱི་བརྒྱུད་རིམ་འདི་དག་མེད་ན་སྒྲིག་འཛུགས་གང་རུང་ཞིག་དང། གང་ཟག་བྱེ་བྲག་པ་ཞིག་གིས་རྒྱལ་སྤྱིའི་གནད་དོན་དུ་སྒྱུར་བསམ་ཡང་སྒྱུར་རྒྱུའི་ནུས་པ་ཡོད་པ་མ་རེད།

བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པའི་གནས་བབས་ཐོག་ནས་བོད་ལ་ཁེ་ཕན་ཡོད་མེད་བསམ་བློ་བཏང་ན། ཕྱོགས་རེ་ཟུང་ནས་བལྟ་ཆོག་ལ། དཔེར་ན་བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་ནས་རྒྱ་དམར་དྲག་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་མཁན་མང་དུ་འགྲོ་ངེས་པ་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་ནས་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་ཚུལ་ཡང་སྔ་རྗེས་རིམ་པ་མང་པོ་ཡོང་དང་ཡོང་ངེས་རེད། དེར་བརྟེན་རྒྱ་དཔོན་དག་ལ་བོད་དོན་དེ་སེམས་ཁུར་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང། རྒྱལ་སྤྱིའི་སྟེང་རྒྱ་དཔོན་དག་གིས་གདོང་སྟོན་པའི་སྐབས་སུ་བོད་དོན་དེ་ནག་ཐིག་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་མང་གཙོ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ན། བོད་རིགས་མི་མང་གི་རེ་བ་དང་བསམ་བློ་ལ་ཚོད་བགམ་གྱིས་མང་མོས་འོས་བསྡུ་ཞིག་བྱ་སྲིད་པ་རེད།

འོན་ཀྱང་རྒྱ་དམར་དྲག་གཞུང་ལ་མང་གཙོའི་གོམས་གཤིས་མེད་པས། རྒྱལ་སྤྱིའི་སྟེང་དུ་ངོ་ཚ་ཁ་སྐྱེངས་ཀྱི་གནས་ཚུལ་བྱུང་རིམ་བཞིན་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང། བོད་ནང་དུ་འགྲོ་འདུག་གི་རང་དབང་ཙམ་ཡང་མེད་པར་གྱུར་ཡོད། དེར་བརྟེན་གནས་སྐབས་རྒྱ་གཞུང་གི་ཆབ་སྲིད་གནས་སྟངས་ཐོག་ནས་བཤད་ན་བོད་ནང་དུ་དཀའ་ལས་ཁག་ཏུ་འགྲོ་བ་ལས། ཕན་ཐོགས་དེ་ཙམ་ཡོང་གི་མེད་པ་ཧ་ཅང་གསལ་པོ་རེད། མ་འོངས་པར་འཛམ་བུའི་གླིང་འདིར་རྒྱ་གཞུང་གཅིག་པུར་གཅིག་སྡུད་དབང་འཛིན་པའི་རིང་ལུགས་དེ་གནས་ཐུབ་མིན་ཧ་ཅང་ཁག་པོར་གྱུར་པ་རེད། གལ་སྲིད་རྒྱ་ནག་མང་གཙོ་ཅན་དུ་གྱུར་སོང་ན། བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པ་འདིའི་ཐོག་ནས་གྲུབ་འབྲས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད།

གོང་དུ་བརྗོད་པ་བཞིན་བོད་པ་རྣམས་ལ་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུར་འདོད་པ་ཡོད་མེད་གང་ལྟར་ཡང། བོད་ནང་དུ་གཞིས་ལུས་རྒྱ་ཆེའི་མི་མང་གིས་རང་སྲོག་བློས་གཏོང་གི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སྐབས། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་རྒྱལ་སྤྱིའི་སྟེང་མི་སྤེལ་ཀ་མེད་དུ་གྱུར་ཡོད། འཚེ་མེད་ཞི་བ་ཁོ་ན་འདེམས་པའི་བོད་རིགས་མི་མང་ལ་འདི་ལས་ལྷག་པའི་ལམ་ཁ་གཞན་གང་ཡང་མེད། འོན་ཀྱང་གནད་དོན་འདི་ལ་བརྟེན་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཚེ་སྲོག་སྐྱོབས་ཐུབ་བམ་ཞེས་བརྗོད་ན། རྩ་བ་ཉིད་ནས་རེ་བ་མེད་པ་ཞིག་ཏུ་གྱུར་ཡོད། ཁོང་རྣམ་པའི་བློས་གཏོང་དང་རེ་བ་ནི། བོད་ལ་རང་དབང་དགོས་པ་དང། ༧གོང་ས་མཆོག་བོད་ལ་གདན་འདྲེན་གྱིས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དེ་ཁོ་ན་ཡིན་པས། རྒྱལ་སྤྱིའི་ཐོག་ནས་སུ་གང་གིས་སྤྲོད་ཐུབ་པ་ཞིག་མ་རེད།

བོད་ནང་དུ་རང་སྲོག་བློས་གཏོང་གི་ལས་འགུལ་མཚམས་འཇོག་བྱེད་ཐུབ་པའི་ཐབས་ཤེས་དེ་རྒྱ་གཞུང་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང། གང་ཟག་བྱེ་བྲག་པ་སུ་གཅིག་ལ་མེད། དེར་བརྟེན་རྒྱ་གཞུང་གིས་གནད་དོན་འདི་ལ་བསམ་བློ་གཏན་ནས་གཏོང་གི་མེད་པ་དང། དགོས་འདུན་ཁག་ལ་གཞི་མེད་ཀྱི་སྒྲོ་འདོགས་སྣ་ཚོགས་བྱེད་ཀྱི་ཡོད་སྟབས། ད་དུང་མུ་མཐུད་རང་སྲོག་བློས་གཏོང་གི་ངོ་རྒོལ་འབྱུང་ངེས་པ་མ་ཟད། རང་སྲོག་བློས་གཏོང་གི་སྤོབས་པ་ཡོད་པའི་དཔའ་རྒོད་ཚོ་ལ་མཚོན་ན་འ་ཆད་འུ་ཐུག་གི་ཐོག་ནས་མ་འོངས་པར་རང་གཞན་གཉིས་མེད་ཀྱི་ལས་འགུལ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཡོད་པ་དང། གནད་དོན་འདི་ལ་རྒྱ་གཞུང་གིས་ངེས་པར་བསམ་ཞིབ་མ་བྱས་ན། ཕྱོགས་གཉིས་ཀར་རང་བཞིན་གྱིས་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་རེད།།