ཁ་ཎ་ཌ་གཞུང་ནས་བོད་ལ་རྟོག་ཞིབ་ཚོགས་ཆུང་གཏོང་རོགས།
ཕྱི་ཟླ་༡ ཚེས་༢༩ ཉིན་ཁ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ནང་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་བོད་དོན་སྐོར་ལ་གསན་ཞིབ་ལྷན་ཚོགས་ཤིག་བསྐོངས་པ་དང་། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་བོད་དོན་ངོ་སྤྲོད་གནང་འདུག
ལྷན་ཚོགས་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་དང་། ཆབ་སྲིད་བཙོན་ཟུར་ཚེ་དབང་དོན་གྲུབ་གཉིས་ཀྱིས་བོད་ནང་གི་གནས་བབས་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ཁ་ན་ཊ་གཞུང་ནས་སྐྱོན་བརྗོད་བྱེད་ཐུབ་ཡོད་མེད་དང་། བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཁ་ན་ཊ་གཞུང་ངོས་ནས་ག་རེ་གནང་ཐུབ་རྒྱུ་ཡིན་མིན་སྐོར་ལ་གྲོས་ཚོགས་འཐུས་མི་ཞིག་གིས་སྐད་ཆ་དྲིས་པར། ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་སྔ་ཕྱི་བར་གསུམ་དུ་ཁ་ན་ཊ་གཞུང་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་བ་བོད་མི་ཚོས་ཤེས་རྟོགས་ཡོད་སྐོར་དང་། ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་མི་སེར་ཕྱག་ཁྱེར་ཕུལ་བ། ཉེ་ཆར་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བསྒྲགས་གཏམ་དོན་ཚན་ལྔ་ཅན་ཞིག་སྤེལ་བ། བོད་མི་མང་པོ་ཁ་ན་ཊར་སྐྱབས་བཅོལ་དུ་ལེན་གྱི་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
དོན་གྲུབ་ལྷ་དར་གྱིས་མུ་མཐུད་རྒྱབ་སྐྱོར་དགོས་སྐོར་གསུངས་དོན། ད་ལྟའི་བར་བོད་ནང་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་བ་༩༩ བྱུང་ཡོད་པས། ཁོང་ཚོའི་རེ་བ་དང་ཁ་ཆེམས་ལག་བསྟར་ཡོང་ཆེད་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་སྐོར་ལ། ཁ་ན་ཊ་གཞུང་དང་གྲོས་ཚོགས་ཀྱི་ངོས་ནས་རྟོག་ཞིབ་པ་གཏོང་ཐབས་དང་། རྒྱལ་སྤྱིའི་གསར་འགོད་པ་གཏོང་ཐབས། ཁ་ན་ཊ་གྲོས་ཚོགས་ནང་བོད་དོན་ཆེད་གྲོས་ཆོད་འཇོག་ཐུབ་པ་དང་། བསྒྲགས་གཏམ་སྤེལ་དེ། རྒྱ་ནག་གཞུང་ལ་འགྱུར་བ་འགྲོ་བའི་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་ཚེ་དབང་དོན་གྲུབ་ཀྱིས་ཁོང་ཉེ་ཆར་བོད་ནས་ཡོང་བ་དང་། ཕྱི་རྒྱལ་ཁག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བསྡུར་ན་ཧ་ཅང་ཁྱད་པར་ཡོད་པ་རེད། བོད་ནང་བཙོན་ཁང་དང་གཅིག་པ་ཡིན་པའི་ཚོར་སྣང་ཡོང་གི་འདུག་ལ། བོད་མི་ཚང་མར་ཚོར་བ་དེ་ཡོད་པ་རེད། དགོན་སྡེ་ཁག་ལ་མཚོན་ནི་མི་མང་ལ་ཕན་པའི་ཆེད་དུ་ཡིན་ནའང་། རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
གསན་ཞིབ་ལྷན་ཚོགས་དེའི་བོད་གྲོས་ཚོགས་འཐུས་མི་ཚོས་བོད་ནང་གི་གནས་བབས་སྐོར་ཞིབ་འདྲི་བྱས་པ་དང་། ཕན་ཚུན་བགྲོ་གླེང་གནང་བ་དང་། བོད་ནང་གི་ཛ་དྲག་གནས་བབས་སྐོར་གྱི་ཡིག་ཆ་ཕུལ་ཡོད་པ་རེད།།