གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་གྲྭ་ཚང་། དགའ་ལྡན་ཤར་བྱང་གཉིས། གཞིས་གྲོང་ཁག་བཅས་ནས་ས་གནས་སོ་སོར་བོད་ནང་གི་གཞིས་ལུས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བསྔོ་སྨོན་ཞིག་འཚོགས་ཡོད་པ་རེད།

loling_2013_2_1དེ་ཡང་འབྲས་སྤུང་བློ་གསལ་གླིང་དུ་མཁན་པོ་རྟོགས་ལྡན་རིན་པོ་ཆེའི་གཙོས་མཁན་ལས་ཟུར་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་། གྲྭ་མང་སུམ་སྟོང་མ་ཟིན་ཙམ་མཉམ་ཞུགས་ཐོག་བཟང་སྤྱོད་སྨོན་ལམ་དང་སྤྱོད་འཇུག་སྨོན་ལམ་སོགས་གསུངས་པ་དང་།  སྐབས་དེར་འབྲས་བློ་གླིང་ཁྲིམས་བདག་དགེ་སྐོས་བློ་བཟང་ཐར་འདོད་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན།  དེ་རིང་གི་སྨོན་ལམ་ ནི་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་ལམ་སྟོན་བཀའ་ཡིག་ཕེབས་དོན་བཞིན། གྲྭ་ཚང་བློ་གསལ་གླིང་གི་ངོས་ནས་འདིར་ལྟར་གོ་སྒྲིག་བྱས་པ་ཡིན་ལ།  སྤྱིར་བཏང་དེང་སྐབས་དགེ་བཤེས་དམ་བཅའ་འཇོག་གི་ཡོད་པས།   དུས་ཚོད་ཡོད་པ་མ་རེད་དེ། རང་གཞུང་གིས་ལམ་སྟོན་བཀའ་ཡིག་ཕེབས་པ་དང་ལྷག་པར་བོད་ནང་གི་གཞིས་ལུས་མི་མང་གིས་གཅེས་པའི་ལུས་སྲོགས་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་ཀྱི་ཡོད་པས་སྨོན་ལམ་འཚོགས་པ་ཡིན། དེ་ལ་ཡང་མཁན་རིན་པོ་ཆེ་ནས་བཟུང་འདས་མང་ཡོངས་མཉམ་དུ་འཚོགས་ནས་སྨོན་ལམ་གསུང་གི་ཡོད་པ་རེད་ཅེས་སོགས་གསུངས་སོང་།

དེ་བཞིན་མོན་གྷོ་ས་གནས་གྱི་དགའ་ལྡན་ཤར་བྱང་གཉིས་དང་འབྲས་སྤུངས་སྒོ་མང་བཅས་གྲྭ་ཚང་གཞན་དག་གིས་ཀྱང་སྨོན་ལམ་གསུང་འདོན་གནང་གི་ཡོད་པ་དང་།  ཉིན་འདིར་མོན་གྷོ་ས་གནས་གཞིས་གྲོང་ཁག་གིས་ཀྱང་ཚོང་ཁང་དང་ཟ་ཁང་ཡོངས་སྒོ་བརྒྱབ་ནས་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག

མོན་གྷོ་གསར་འགོད་པས།