ལྡི་ལི་རུ་སྨོན་ལམ་དང་ཟས་བཅད་ངོ་རྒོལ་ལས་འགུལ།

1_2_1013_news_in_jantar_mantar1ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡ བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཉིན་གསུམ་པ་འགྲོ་བཞིན་ཡོད་པ་དང། ཉིན་འདིར་ལྡི་ལི་གསར་པའི་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་དུ་སྨོན་ལམ་དང། ཟས་བཅད་ངོ་རྒོལ་དང། གསུང་བཤད། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བརྗོད་འཁྲབ་སྟོན་ཞིག་བྱས་སོང།

 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ དང་ཕྱེད་ཀྱི་ཐོག་ལྡི་ལི་གསར་པའི་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་ས་གནས་སུ་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པའི་ཉིན་གསུམ་པའི་ལས་རིམ་འགོ་འཛུགས་གནང་སོང་བ་དང། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཉིན་གསུམ་པའི་ལས་རིམ་ངོ་སྤྲོད་མདོར་བསྡུས་གནང་སོང། ཉིན་འདིའི་ཟས་བཅད་ངོ་རྒོལ་དང་མཆོད་འབུལ་སྨོན་གྱི་ཚོགས་མགོན་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༢ པ་རི་རྫོང་རིན་པོ་ཆེ་མཆོག་དང། སྐྱབས་རྗེ་ཀིརྟི་རིན་པོ་ཆེ། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་གཙོས་སྤྱི་འཐུས་རྣམ་པ། ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང། བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་དང། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་དང། ཕྱི་དྲིལ་དྲུང་འཕར་འཇིགས་མེད་ཚེ་རིང། ཕྱོགས་མཐའ་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང། ས་འཐུས་ཚོགས་གཙོ་དང་ཚོགས་མི། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་སོགས་སེར་སྐྱ་མི་མང་༥༥༠༠ ལྷག་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

1_2_1013_news_in_jantar_mantarཉིན་གུང་ཆུ་ཚོད་༡ དང་སྐར་མ་༢༠ ཐོག་རྒྱ་གར་གྱི་ཕྱི་སྲིད་དང། བདེ་སྲུང། ནང་སྲིད་བློན་ཆེན་བཅས་ཟུར་པ་དང། ད་ལྟ་གྲོས་ཚོགས་འོག་མའི་འཐུས་མི་ཇ་སི་ཝན་སིངྒ་(Shri Jaswang Singh)ཕེབས་ནས་བོད་པའི་གནད་དོན་ལ་དུས་ནམ་ཡང་རྒྱབ་སྐྱོར་ཡོད་ཅེས་སོགས་གསུང་བཤད་མདོར་བསྡུས་ཤིག་གནང་སོང། དེའི་རྗེས་སུ་ཉིན་གུང་ཆུ་ཚོད་༡། ༣༠ ཐོག་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནས་ཚེ་སྲོག་གི་ཞུ་འབོད་ཅེས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་མཚོན་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱས་སོང་བ་དང། དེའི་ནང་དུ་བོད་ནང་དུ་རྒྱ་གཞུང་གིས་མནར་གཅོད་ཇི་ལྟར་གཏོང་གི་ཡོད་པའི་རྣམ་པ་རྣམས་གསལ་སྟོན་བྱས་འདུག་ལ། མི་མང་རྣམས་སེམས་འགུལ་ཐེབས་ཐུབ་པ་ཞིག་འཁྲབ་སོང།

1_2_1013_news_in_jantar_mantar5ཉིན་རྒྱབ་ཆུ་ཆོད་༢ སྐར་མ་༡༥ ཐོག་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན་བོད་ནང་གི་ཛ་དྲག་གནས་སྟངས་ཆེན་པོ་ཡོད་པ་དང། བོད་ནང་དུ་རང་ལུས་མེ་སྲེག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་དང་པོ་ཡོང་རྐྱེན་ང་དང་འབྲེལ་བ་ཡོད་པའི་ས་ཆ་ཞིག་བྱུང་བ་རེད། བོད་ནང་དུ་རང་ལུས་མེ་སྲེག་ཐོག་མ་གཏོང་ཡུལ་ཨ་མདོ་རྔ་པའི་ནང་དུ་མི་ཐོག་གསུམ་གྱི་རིང་སྡུག་པོ་མྱོང་བ་དང། ལྷག་དོན་ཕྱི་ལོ་༢༠༠༨ ལོར་ཞི་བའི་ངོ་རྒོལ་ནང་བོད་མི་མང་པོ་ཞིག་ལ་མེ་མདའ་བརྒྱབ་ནས་བསད་པ་དང། མི་མང་པོ་ཞིག་རྨས་སྐྱོན་དང། བཙོན་འཇུག་བྱས་པ་རེད། བོད་ནང་དུ་རང་ལུས་མེ་སྲེག་གྲངས་༩༩ ཙམ་བཏང་བ་རེད། དེ་དག་གི་འབྱུང་རྐྱེན་ནི་མནར་གཅོད་དང་སྡུག་སྦྱོང་བཏང་བ་བཅས་ལ་བརྟེན་ནས་བྱུང་བ་རེད། འདས་པའི་ལོ་རྒྱུས་ཐོག་ནས་རྒྱ་དམག་བོད་དུ་ཇི་ལྟར་ཡོང་ཚུལ། བོད་ནང་དུ་བཙོན་ཁང་མང་པོ་ཞིག་བརྒྱབ་པ་ལས། གཞན་ཡར་རྒྱས་གང་ཡང་བཏང་མེད་པ། ཐོག་མ་བོད་ལ་ཞི་བའི་ཐོག་ནས་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བྱེད་པའི་སྐབས་སུ་བཙན་འཛུལ་དམར་གསོད་ཤུགས་ཆེ་བྱས་པ་ལས། བོད་ལ་ཡག་པོ་ཞིག་གཏན་ནས་བྱས་ཡོད་པ་མ་རེད། ད་ལྟའི་ཆར་བོད་ནང་དུ་རང་བྱུང་ཁོར་ཡུག་གཏོར་སྐྱོན་གཏོང་གི་ཡོད་པ་དང། དེ་ཡང་གཙོ་བོ་གཏེར་ཁ་སྔོག་འདོན། བུད་མེད་ཀྱི་སྐྱེ་སྒོ་འགོག་པ། བོད་མི་རྣམས་ལ་འཕྲོད་བསྟེན་གྱི་གོ་སྐབས་མེད་པར་དུས་མིན་འདས་གྲོངས་ཀྱི་བརྒྱ་ཆ་མཐོ་རུ་སོང་ཡོད་པ་དང། བོད་མིའི་གནས་སྡོད་བྱེད་ཡུལ་གྱི་ས་ཆ་ཉུང་དུ་བཏང་ཡོད་པ་རེད། བོད་ཀྱི་འབྲོག་པ་རྣམས་ལ་གནས་སྤོས་བྱེད་དུ་བཅུག་ནས་ས་ཆ་བཙན་འཕྲོག་གཏོང་གི་ཡོད་པ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་བའི་སྐོར་ཞུ་མི་དགོས་པར་ཚང་མས་ཤེས་གསལ་ལྟར་ཡིན་པ་དང། བོད་ནང་དུ་དགོན་པ་གྲངས་༦ ཙམ་མ་གཏོགས་ཚང་མ་གཏོར་བཤིག་བཏང་ཡོད་པ་རེད། ད་ལྟའི་ཆར་ཡང་དགོན་པ་ཁག་ལ་དམ་དྲག་དང་བཀག་སྡོམ་ཆ་ཚང་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་ནང་པའི་ཆོས་ལུགས་རྩ་མེད་གཏོང་བཞིན་ཡོད་པ་དང། སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་རྩ་བ་ཉིད་ནས་མེད་པ་བཟོ་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་ཆང་རག་ཤོ་སྦག་དང་སྨད་ཚོང་མས་གང་ཡོད་པ་ཞིག་བཟོས་ཡོད་པ། བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་མེད་པ་དང། ལས་ཀའི་ཐོབ་ཐང་མེད་པ། བོད་རིགས་རྒྱ་གཞུང་གི་ལས་བྱེད་པ་ག་འདྲ་ཞིག་ཡིན་ཡང། ཚང་མ་རྒྱ་གཞུང་གི་བྲན་གཡོག་ཁོ་ན་ཡིན་པ་ལས། རང་དབང་གང་ཡང་མེད་པར་གྱུར་ཡོད་པ། བོད་རིགས་ལས་བྱེད་པ་རེ་ཟུང་ལས་ཡིད་ཆེས་གཏན་ནས་མེད་ཚུལ། དཔལ་འབྱོར་དང། ཐོབ་ཐང་སོགས་གང་ཐད་ནས་འདྲ་མཉམ་མིན་པ། ལྷག་དོན་རྒྱ་དམར་གཞུང་གི་དཔོན་རིགས་ཁག་གིས་བོད་དོན་ལ་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་པ་སོགས་དང། མ་འོངས་པར་བོད་མི་རིགས་ཀྱི་ངོས་ནས་ཡ་རབས་སྤྱོད་བཟང་དང་ཆོས་དང་རིག་གནས་རྒྱུན་འཛིན་དགོས་ཚུལ་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

1_2_1013_news_in_jantar_mantar2དེའི་རྗེས་སུ་ཕྱི་དྲོ་ཆུ་ཆོད་༣ སྐར་མ་༡༥ ཙམ་ནས་དབུ་འཛུགས་ཀྱིས་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སོང། བོད་ནང་དུ་རང་ལུས་མེ་སྲེག་གིས་རང་སྲོག་བློས་བཏང་བ་ནི་ཧང་སང་དགོས་པ་ཞིག་རེད། ཆོས་ཕྱོགས་ནས་བཤད་ན་ཆོས་ཀྱི་དོན་དུ་རང་སྲོག་བློས་བཏང་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་ཚད་མཐོ་ཤོས་ཤིག་རེད། ཐེག་ཆེན་པོའི་ཉམས་ལེན་བླ་ན་མེད་པ་ཞིག་ཡིན་པ་དང། འཚེ་མེད་ཞི་བ་དང་ཆོས་དང་མཐུན་པ་ཞིག་ཡིན་པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོད། སངས་རྒྱས་ཀྱི་བསྟན་པ་གནས་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང། དེ་ནི་བོད་གནས་དང་མི་གནས་པ་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ། བོད་དང་རྒྱ་གར་གཉིས་ཆོས་དང་རིག་གནས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ཚུལ་སོགས་གསུངས་སོང། ཕྱི་དྲོ་ཆུ་ཚོད་༤ ཙམ་གྱི་དུས་སུ་ཚང་མ་སྐུ་བཞེངས་ཐོག་བདེན་ཚིག་སྨོན་ལམ་དབྱངས་དང་བཅས་གསུངས་སོང་བ་སོགས་ཉིན་གསུམ་པའི་ལས་རིམ་དགོང་མོ་ཆུ་ཚོད་༤ པའི་ཐོག་མཇུག་བསྡོམས་གནང་སོང།།

1_2_1013_news_in_jantar_mantar1

 

 

 

 

 

 

 

 

 

1_2_1013_news_in_jantar_mantar4

1_2_1013_news_in_jantar_mantar3