རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་སོང་།
ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢ ཉིན་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཉིན་བཞི་པར་རྒྱ་གར་གྱི་དཔོན་རིགས་ཁག་དང། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་གསུང་བཤད་གནང་ཞིང་ཁོང་རྣམ་པས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་དེ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ དང་ཕྱེད་ཙམ་གྱི་ཐོག་ལས་འགུལ་དངོས་སུ་འགོ་འཛུགས་དང་འབྲེལ། རྒྱ་གར་དཔོན་རིགས་ཁག་གིས་རིམ་བཞིན་བོད་དོན་རྒྱབ་སྐྱོར་དང། རྒྱ་གཞུང་གི་སྲིད་བྱུས་ལ་རྒོལ་གཏམ་གྱི་གསུང་བཤད་གནང་སོང་ལ། ཐོག་མ་སྲིད་དོན་ཚོགས་པ་འདྲ་མིན་ཡོད་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡཤ་ཝནཏ་སིནྷ་(Shri. Yashwant Sinha) མཆོག་ནི། རྒྱ་གར་གཞུང་གི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ། ད་ལྟའི་ཆར་བྷི་ཇེ་བྷི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་བཅས་ཡིན་ཞིང། ཁོང་གིས་གསུང་བཤད་གནང་བའི་སྙིང་དོན། བོད་རྒྱ་མིས་དབང་བསྒྱུར་བྱས་ནས་ལོ་མང་པོ་དེ་འདྲ་སོང་ཡང། ད་དུང་ཁྱེད་རང་ཚོས་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་མུ་མཐུད་གནས་ཐུབ་པ་དེ་ལ་བསྔགས་བརྗོད་ཡོད། འཐབ་རྩོད་ལ་དུས་ཡུན་ག་ཚོད་ཅིག་འགོར་ཡང་རྒྱལ་ཁ་དེ་བདེན་པ་ལ་ཐོབ་ཀྱི་རེད། དེར་བརྟེན་མཐར་ཐུག་གི་རྒྱལ་ཁ་བོད་ལ་འཐོབ་ངེས་པ་རེད། དེར་བརྟེན་བོད་པ་ཚོ་སེམས་ཤུགས་དུས་ནམ་ཡང་ཆག་རྒྱུ་ཡོད་པ་མ་རེད། དེ་རིང་ངས་ཁྱེད་རང་ཚོའི་མདུན་དུ་ལངས་ནས་དགོངས་དག་ཞུ་རྒྱུ་ཡིན། རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་དགོས་པ་དེ་ཙམ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན། དངོས་གནས་ཡིན་ན་འཛམ་བུ་གླིང་འདིར་བོད་དོན་རྒྱབ་སྐྱོར་བྱེད་ཆེ་ཤོས་བྱེད་མཁན་དེ་རྒྱ་གར་གཞུང་ཡིན་དགོས་པ་རེད་དེ། དེ་ཙམ་བྱུང་ཡོད་པ་མ་རེད། ཡིན་ནའང་ད་བར་རྒྱ་གར་གཞུང་གི་ངོས་ནས་རྒྱབ་སྐྱོར་དེ་ཙམ་བྱེད་ཐུབ་པ་བྱུང་མེད་ཀྱང། མི་མང་གི་རྒྱབ་སྐྱོར་ཤུགས་ཆེ་ཐག་ཆོད་ཡོད་པ་རེད། ཅེས་དང། རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེ་སྲེག་བཏང་བ་དེ་༧རྒྱལ་བ་རིན་པོ་ཆེ་དང། ཕྱི་ཕྱོགས་ནས་རྒྱུད་སྐུལ་བྱས་པ་རེད་ཅེས་ཁ་གཡར་ནས་ཉེ་ཆར་བོད་མི་གཉིས་ཀྱི་ནང་ནས་གཅིག་ལ་སྲོག་ཁྲིམས་དང། གཅིག་ལ་ལོ་བཅུའི་ཁྲིམས་ཐག་བཅད་པ་དེ་ངོ་ཚ་དགོས་པ་དང་ཞབས་འདྲེན་རེད། ཕྱི་ཟླ་༣ པའི་ནང་དུ་༧གོང་ས་མཆོག་གྲོས་ཚོགས་ནང་བསྐྱར་དུ་གདན་འདྲེན་ཞུ་རྒྱུ་ནི། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཐག་བཅད་ཟིན་པ་ཡིན། ཞེས་སོགས་གསུངས་སོང།
རྩོམ་པ་པོ་དང་གསར་འགོད་པ་པར་པ་སྐད་གྲགས་ཅན། མི་ཚེ་གང་ལ་བོད་དོན་རྒྱབ་སྐྱོར་གནང་མཁན། བོད་དོན་སྐོར་ལ་དེབ་མང་པོ་རྩོམ་མྱོང་བ་ཝི་ཇེ་ཀ་རན་ཏི་(Shri Vijay Kranti) ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན། བོད་ནང་དུ་རང་ལུས་མེ་སྲེག་གཏོང་མཁན་མང་ཆེ་བ་ན་གཞོན་རྐྱང་ཡིན་པ་དང། དེ་དག་ནི་༧གོང་ས་མཆོག་གི་ཞལ་ཙམ་ཡང་མཇལ་མ་མྱོང་བ་འབའ་ཞིག་ཡིན་ཞིང། དེ་དག་རྒྱ་གཞུང་ལ་སེམས་གཏིང་ནས་མི་དགའ་བར་ངོ་རྒོལ་གྱི་རང་ལུས་མེ་སྲེག་བཏང་བ་ནི། རྒྱ་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་དང་གདུག་རྩུབ་ཅན་ཡིན་པ་ར་སྤྲོད་བྱས་པ་རེད། ང་རང་ལ་མཚོན་ན་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སར་སོང་བ་ཡིན། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་སོགས་མེད་པའི་དངོས་ཡོད་གནས་སྟངས་ཆ་ཚང་ཤེས་རྟོགས་ཡོད། ཅེས་དང། བོད་ནང་དུ་བོད་མི་ཚོས་སེམས་ཤུགས་གཏན་ནས་མ་ཆག་པར་རང་སྲོག་བློས་བཏང་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། དེ་ཕྱི་ལ་ཡོད་པའི་བོད་མི་ཚོས་མིག་དཔེ་བལྟ་དགོས་པ་ཞིག་རེད། ཅེས་སོགས་གསུང་བཤད་གནང་སོང།
རྒྱ་གར་ཀོང་རེ་སི་ཚོགས་པའི་གཞོན་ནུའི་སློབ་ཕྲུག་སྡེ་ཚན་གྱི་སྐུ་ཚབ་སྐུ་ཞབས་སི་རཱཇ་(Shri Siraj)ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན། མང་གཙོ་དང་དམར་ཤོག་གི་བར་ཁྱད་དང། ལྷག་པར་རྒྱ་དམར་གཞུང་གི་དམར་ཤོག་གཅིག་སྡུད་མི་གཅིག་དབང་འཛིན་པའི་རིང་ལུགས་འདི་ཉིད་ཡུན་རིང་དུ་གནས་མི་ཐུབ་པའི་སྐོར་སོགས་དང། བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཡོད་པ། བོད་དོན་བདེན་མཐའ་གསལ་བའི་སྨོན་ལམ་ཡོད་ཅེས་སོགས་གསུངས་སོང།
རྒྱ་གར་གཞུང་གི་དམག་དཔོན་ཟུར་པ་སྐུ་ཞབས་(Shri Vinod Sehgal) བོད་ནང་དུ་རང་ལུས་མེ་སྲེག་གཏོང་རྒྱུའི་ཐབས་ཤེས་དེ་བདམས་ཟིན་པ་རེད། དེ་འགྲིག་པ་ཞིག་ཡིན་པ་མ་ཟད། མུ་མཐུད་དུ་ཐབས་ལམ་དེ་ལྟ་བུ་གནས་དགོས་པ་ཞིག་རེད། འོན་ཀྱང་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་ཐབས་ལམ་དེ་འགྲིག་མི་འདུག་ཅེས་གཏན་ནས་ཞུ་གི་མེད། དེ་ཡང་ཐབས་ལམ་ཞིག་རེད་ལ་འགྲིག་བསྡད་པ་ཞིག་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོར་དགོས་པ་དེ་ཙམ་མ་བྱུང་བ་དེ་རྒྱ་གཞུང་དང་དཔལ་འབྱོར་ཁེ་ཕན་གྱི་འབྲེལ་བ་ཡོད་པས་རེད། སྤྱིར་འཛམ་བུའི་གླིང་དུ་བོད་དོན་ལ་རྒྱབ་སྐྱོར་དགོས་པ་དང། བོད་དོན་རྒྱབ་སྐྱོར་གྱི་འགན་ཁུར་ཆ་ཚང་ཡོད་པ་ནི་རྒྱ་གར་གཞུང་རེད། དེ་ཡང་གཙོ་བོ་ཆོས་དང་རིག་གནས་ཀྱི་འབྲེལ་བའི་ཐོག་ནས་ངེས་པར་དུ་བྱེད་དགོས་པ་ཞིག་རེད་དེ། རྒྱ་གཞུང་ལ་བསྟུན་མཁས་བྱས་ནས་དེ་ཙམ་ཞིག་བྱུང་ཡོད་པ་མ་རེད།
བློན་ཆེན་ཟུར་པ་དང་ད་ལྟ་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱམ་ཝི་ལ་སི་པ་སི་ཝན་(Shri Ram Vilas Pasvan) རྒྱ་གར་ནི་འཛམ་གླིང་ནང་ནས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་མ་ཟད། གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོ་ཆེ་ཤོས་དེ་ཡིན་ནའང། ད་བར་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་ཀྱང་འཇོག་ཐུབ་ཡོད་པ་མ་རེད། ངས་གྲོས་ཚོགས་ནང་བོད་རང་བཙན་གཙང་མ་ཡིན་པ་རྒྱ་གར་གྲོས་ཚོགས་ཀྱིས་བོད་རང་བཙན་གཙང་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་གྲོས་ཚོགས་ནང་བཤད་ཀྱི་ཡོད་ལ། དེ་ལུགས་གྲོས་ཚོགས་ནང་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་དགོས་པ་རེད་ཅེས་སོགས་གསུངས་སོང།
ཧི་མ་ཅལ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཝེ་མ་ལ་ཀཱ་ཤཱཔ་(Shrimati Vimala Kashyap) དྷ་རམ་ས་ལར་བོད་གཞུང་ཡོད་པ་རེད། ༧གོང་ས་མཆོག་ཧི་མ་ཅལ་དུ་བཞུགས་ཡོད་པ་རེད། ད་བར་རང་ལུས་མེ་སྲེག་གཏོང་མཁན་དེ་དག་ནི་བོད་རང་དབང་གི་ཆེད་དུ་རང་ལུས་མེ་སྲེག་གཏོང་གི་ཡོད་པ་དང། བོད་ལ་རང་བཙན་ཐོབ་པ་བྱུང་ན་རྒྱ་གར་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། རྒྱ་གར་གཞུང་གིས་བོད་ལ་རང་བཙན་ཐོབ་པར་རྒྱབ་སྐྱོར་དགོས་པ་དང། བོད་ལ་རང་དབང་ཡོད་པའི་སྐབས་སུ་རྒྱ་ནག་གིས་རྒྱ་གར་ལ་དཀའ་ངལ་གང་ཡང་འཕྲད་ཡོད་པ་མ་རེད་ཅེས་དང། གྲོས་ཚོགས་ནང་དུའང་ཁོང་གིས་དུས་ནས་དུས་སུ་བོད་ཀྱི་རང་དབང་རང་བཙན་ལ་རྒྱབ་སྐྱོར་དགོས་པའི་སྐོར་སོགས་བཤད་ཀྱི་ཡོད་ཅེས་སོགས་གསུངས་སོང།
རྒྱ་གར་གྱི་Samajwadi སྲིད་དོན་ཚོགས་པའི་ཚོགས་མི་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ལོཀ་ཏི་ཝ་རི་(Shri Alok Tiwari) མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། བོད་དོན་རྒྱ་གར་གཉིས་ཀྱི་འབྲེལ་བ་ནི། ཆོས་དང་རིག་གནས། ས་འབྲེལ་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། དུས་ནམ་ཡང་གཏོར་བཤིག་གཏོང་ཐུབ་ཀྱི་མ་རེད། བཙན་གནོན་འོག་ཏུ་སུ་ཡིན་ཡང་རྒྱུན་རིང་པོ་གནས་ཐུབ་ཐབས་མེད་པར། དུས་ནམ་ཞིག་བོད་ལ་རང་དབང་རང་བཙན་འཐོབ་ཀྱི་རེད། ༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར་རྒྱལ་སྤྱིའི་ཐོག་ནས་ཉི་མ་ལྟ་བུའི་སེམས་ཀྱི་གཙོ་འཛིན་མཆོག་ཏུ་གྱུར་པ་ཞིག་རེད་ཅེས་སོག་གསུངས་སོང།
རྒྱ་གར་སྲིད་དོན་JDU ཚོགས་པའི་གཞོན་ནུའི་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ཤཱེ་ལེན་ཌི་རཱ་(Shri Shailendra Yadav) རྒྱ་གཞུང་གིས་བོད་ལ་བཙན་གནོན་བྱས་པ་དེ་མི་འགྲིག་པ་ཞིག་ཡིན་པ་དང། བོད་པ་ཚོ་སོ་སོའི་ལུང་སོ་སོར་གནས་སྡོད་བྱེད་པར་དཀའ་ངལ་འཕྲད་བཞིན་པར་རྒྱ་གཞུང་ལ་ངོ་རྒོལ་ཡོད་ཅེས་སོགས་གསུངས་སོང།
ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་གནད་དོན་ལྟེ་གནས་ཁང་གི་ངེས་སྟོན་པ་ལྕམ་སྐུ་སོན་དྷི་(Ms. Madhuri S. Sondhi) མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ཁྱེད་རང་ཚོ་བཙན་བྱོལ་དུ་གྱར་ནས་དཀའ་ངལ་མང་པོ་ཡོད་ཀྱང། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་མིའི་ལུང་པར་གཞུང་དང་གྲོས་ཚོགས་ཀྱང་འཛུགས་ཐུབ་པ་ཧ་ཅང་ཡག་པོ་ཡིན་པ་སོགས་ཀྱི་སྐོར་སོགས་གསུངས་སོང།
གྲོས་ཚོགས་འཐུས་མི་དང་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་གཞོན་ནུའི་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་(Shri Anurag Singh Thakur) ང་རང་དང། གཞོན་ནུ་ཚོགས་པ་བོད་པ་དང་མཉམ་དུ་ཡོད། རྒྱ་གར་དང་བོད་པ་མཉམ་དུ་རྒྱ་གཞུང་ལ་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་དགོས་པ་རེད་ཅེས་སོགས་གསུངས་སོང།
རྒྱ་གར་བྷི་ཇེ་བྷི་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Shri Balbir Punj) མཆོག་གིས་བོད་རང་བཙན་གྱི་སྐད་འབོད་ཁ་ཤས་གནང་རྗེས། གསུང་བཤད་གནང་བའི་སྙིང་དོན། བོད་རང་བཙན་དགོས་ཞེས་པའི་སྐད་འབོད་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་གོ་ཐུབ་པ་ཞིག་དགོས་པ་རེད། བྷི་ཇེ་བྷི་སྲིད་དོན་ཚོགས་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དུ་རྒྱབ་སྐྱོར་ཡོད་སོགས་གསུངས་སོང།
གྲོས་ཚོགས་འོག་མའི་འཐུས་མི་དང་སྐུ་ཞབས་ཨིན་ཌར་སིངྒ་ནམ་དཱ་རི་(Shri Inder Singh Namdari)མཆོག་གིས། ངས་དུས་ནམ་ཡང་བོད་དོན་ལ་རྒྱབ་སྐྱོར་ཡོད་ལ། ལྷག་དོན་གསར་ཤོག་ཁག་གི་ཐོག་ལ་བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་འབྲི་བཞིན་ཡོད། ད་ལྟ་བོད་མིའི་གྲོས་ཚོགས་དེ་བཙན་བྱོལ་དུ་ཡོད་པ་རེད། གང་མགྱོགས་གྲོས་ཚོགས་དེ་བོད་ཀྱི་རྒྱལ་ས་ལྷ་སར་འཛུགས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས་སོགས་གསུངས་སོང།
རྒྱ་གར་དབུས་གཞུང་དྲིལ་བསྒྲགས་བློན་ཆེན་ཟུར་པ་དང། རྒྱ་གར་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ། ལྡི་ལི་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཇེ་ཀུ་མར་མཱ་ལོ་ཏི་རཱ་(Shri Vijay Kumar Malhotra) མཆོག་གིས། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་བའི་སྐབས་ནས་འབྲེལ་བ་ཡོད་པ་དང། དེའི་རྗེས་སུ་མུ་མཐུད་བོད་དོན་རྒྱབ་སྐྱོར་བྱས་པ་དང། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་སོགས་གསུང་བཤད་གནང་སོང།
ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་(Dr. Kuldeep Chand Agnihotri) ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང།
རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པའི་(RSS) དབུས་རྒྱུན་(Shri Indresh Kumar) ལགས་ཀྱིས། ཨུ་རུ་སུ་འཐོར་ཞིག་ཏུ་སོང་བ་བཞིན་རྒྱ་ནག་གཞུང་ཡང་འཐོར་ཞིག་ཏུ་འགྱུར་ངེས་རེད་ཅེས་དང། ༡༩༥༤ ལོར་བོད་དེ་རྒྱ་མིའི་ཆ་ཤས་བཟོས་པའི་སྡིག་པ་དང་ནག་ཉེས་དེ་གཙང་མ་བཟོ་དགོས་པའི་དུས་ལ་བབ་ཡོད་པ་རེད། བོད་ལ་རྒྱབ་སྐྱོར་བྱེད་མཁན་དེ་འཚེ་མེད་ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་རེད་ཅེས་སོགས་གསུངས་སོང།
བྷི་ཇེ་བྷི་ཚོགས་པའི་སློབ་ཕྲུག་སྡེ་ཚན་གྱི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ཨུ་མེཤ་དྷཏ་(Shri Umesh Dutt)ལགས་ཀྱིས། བོད་པའི་རྩ་དོན་གྱི་ཆེད་དུ་སྲོག་བློས་གཏོང་བྱེད་དགོས་ཀྱང་ཐུབ་ཅེས་དང། ང་ཚོ་སློབ་ཕྲུག་ཚོགས་པའི་ཚོགས་འདུའི་གྲོས་ཆོད་ནང། བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་རེད་ཅེས་སྔ་རྗེས་བར་གསུམ་དུ་བཞག་ཡོད་ཅེས་དང། ང་ཚོའི་སློབ་ཕྲུག་ཚོགས་པའི་ཡན་ལག་༥༠༠༠ ཙམ་ཡོད་པ་རེད། མ་འོངས་པར་ཁྱེད་རང་ཚོས་ལས་འགུལ་ག་རེ་སྤེལ་ཡང་ང་ཚོས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་སོགས་གསུངས་སོང།
རྒྱ་གར་གྱི་གཞུང་ཚབ་པ་སོགས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་སུ་ལོ་༣༩ རིང་ཕྱག་ལས་གནང་མྱོང་མཁན་སྐུ་ཞབས་རན་ཇེཏ་གུཔ་ཏཱ་ (Shri Ranjeet Gupta) ལགས་ཀྱིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་གནང་བ་སོགས་མི་ཁག་ཅིག་གིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་སོང།
གྲོས་ཚོགས་འོག་མའི་འཐུས་མི་དང་སྲིད་དོན་(RLD)ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་(Shri Jayant Chaudhary) མཆོག་གིས། ངས་ཕྱག་རོགས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་དེ་ཁ་ནས་བཤད་པ་ཙམ་མིན་པར། དོན་དངོས་ཀྱི་ཐོག་ནས་ལག་ལེན་ཡོད་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང་སོང།
གྲོས་ཚོགས་གོང་མའི་འཐུས་མི་དང་བྷེ་ཇེ་བྷི་ཚོགས་པའི་མགྲིན་ཚབ་པ་གཙོ་བོ་ཁྲིམས་རྩོད་པ་གྲགས་ཆེན་ར་ཝི་ཤངྐར་པྲ་སཌ་(Shri Ravi Shankar Prasad)ལགས་ཀྱིས། བོད་དང་རྒྱ་གར་གྱི་འབྲེལ་བ་དང། དེ་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་དང། དེ་རིང་ང་འདིར་བཅར་པ་དེ་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་ཞེས་སོགས་གསུང་བཤད་གནང་སོང།
གྲོས་ཚོགས་གོང་མའི་འཐུས་མི་དང་བྷི་ཇེ་བྷི་ཚོགས་པའི་མགྲིན་ཚབ་པ་གྲོགས་པོ་ཅན་དན་མི་ཏི་རཱ་(Shri Chandan Mitra)མཆོག་གིས། བོད་པའི་འཐབ་རྩོད་དེ་བོད་པ་གཅིག་པུའི་འཐབ་རྩོད་ཙམ་མིན་པར། འཛམ་བུའི་གླིང་འདིའི་དྲང་བདེན་དང་ཞི་བདེའི་འཐབ་རྩོད་ཅིག་ཡིན་ཞེས་གསུངས་པ་སོགས། ཉིན་འདིར་བཀའ་སློབ་གནང་མཁན་གྲངས་སུམ་ཅུ་ལྷག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་སོང།
དེའི་རྗེས་སུ་ཕྱི་དྲོ་ཆུ་ཚོད་༤།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་ལས་འགུལ་མཇུག་བསྡོམས་ཀྱི་གསུང་བཤད་གནང་ནས་དགོང་མོ་ཆུ་ཚོད་༥ ལྷག་གི་དུས་སུ་ལས་འགུལ་ཡོངས་སུ་མཇུག་བསྡོམས་གནང་ཡོད་པ་རེད།།