བཀའ་སྤྱི་གཉིས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད།
ཟླ་འདིའི་ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཌ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ས་གནས་དེའི་ལེ་བར་གཉིས་ཀྱི་སར་སྐད་འབོད་གོམ་བགྲོད་ཅིག་བྱས་ཡོད་པ་རེད།
དེ་ཡང་ཉིན་མོ་དེའི་སྔ་དྲོ་ཆུ་ཚོད་ ༡༠ པའི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་སྣེ་ཁྲིད་འོག ས་གནས་ཀྱི་མི་མང་སུམ་བརྒྱ་ཙམ་ལུགས་བསམ་གཞིས་གྲོང་དང་པོར་མཉམ་འཛོམས་ཀྱིས་བསྔོ་སྨོན་ཆུ་ཚོད་ཕྱེད་ཙམ་རིང་འཚོགས་པ་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་ལས་འགུལ་ངོ་སྤྲོད་བྱེད་སྐབས་ “དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་ཐ་མ་དེ་སྤེལ་བཞིན་ཡོད་པ་རེད། དེར་བརྟེན་བཀའ་སྤྱི་གཉིས་ཀྱི་ལས་འགུལ་དེར་གདུང་སེམས་མཉམ་བསྐྱེད་ཆེད་ང་ཚོ་ས་གནས་ཀྱི་ཚོགས་པ་གཉིས་ནས་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་”ཞེས་དང་། གཞན་ཡང་དེང་སྐབས་མི་རེ་ཟུང་གིས་ཚོགས་པའི་ལངས་ཕྱོགས་ཁོ་ན་གླེང་སྡོད་ཀྱི་འདུག་སྟེ། དོན་དངོས་ཐོག་ང་ཚོས་ལངས་ཕྱོགས་གླེང་རྒྱུ་ལས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་ལྟའི་བར་དུ་བོད་ནང་ནས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་ག་ཚོད་བྱུང་ཡོད་མེད་དང་། རང་སྲེག་གི་གནས་ཚུལ་རྗེས་སུ་བོད་མི་རྣམས་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་སྐོར་སོགས་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་ཀྱང་བྱས་སོང་། མཐར་མི་མང་སུམ་བརྒྱ་མ་ཟིན་ཙམ་ཀྱིས་ལེ་བར་གཉིས་ཀྱི་བར་ཐག་ཡོད་པའི་གཞིས་གྲོང་དང་པོ་ནས་སྦེལ་ཀོབ་ཉེན་རྟོག་ལས་ཁང་བར་གོམ་བགྲོད་ཁྲོམ་སྐོར་ཞིག་བྱས་ནས་ལས་འགུལ་གྲོལ་ཡོད་པ་རེད། མེ་སོར་གསར་འགོད་པས།