གངས་སྐྱིད་ཀྱི་བརྙན་འཕྲིན་སྐུད་ལམ་འཐེན་རྒྱུར་དཀའ་ངལ་མང་པོ་འདུག
དྷ་ས་ས་གནས་གཞོན་ནུས་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ལས་འགུལ་དང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་ཀ་མང་པོ་ཞིག་བྱེད་ཀྱི་ཡོད་པ་དང་། དེའི་ནང་ནས་དྷ་ས་གངས་སྐྱིད་ཁུལ་དུ་བརྙན་འཕྲིན་འཕྲིན་ལམ་ཞིག་འཐེན་ནས་ལས་ཀ་བྱེད་ཀྱི་ཡོད་པ་དེའི་སྐོར། དྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བསྟན་འཛིན་ལམ་བཟང་ལ་བཅར་འདྲི་བྱས་ཡོད།
དྲི་བ། ས་གནས་གཞོན་ལྷན་གྱི་ངོས་ནས་དྷ་ས་གངས་སྐྱིིད་ཁུལ་དུ་བརྙན་འཕྲིན་འཕྲིན་ལམ་འཐེན་པ་དེའི་སྐོར་ངོ་སྤྲོད་ཅིག་བྱ་རོགས།
ལན། ས་གནས་གཞོན་ནུས་སྔོན་མ་ནས་མེག་ལོར་ས་ཁུལ་དུ་བརྙན་འཕྲིན་འཕྲིན་ལམ་ཞིག་བཙུགས་ཡོད་ཀྱང་། ཕྱིས་སུ་དཀའ་ངལ་མང་དག་ཅིག་གིས་རྐྱེན་པས་རྒྱུན་སྐྱོང་བྱེད་མ་ཐུབ་པ་ཆགས་པ་རེད། ད་ལྟ་གངས་སྐྱིད་ཁུལ་དུ་ཡོད་པའི་བརྙན་འཕྲིན་འཕྲིན་ལམ་དེ་ས་གནས་གཞོན་ནུས་སྟངས་འཛིན་བྱེད་བཞིན་ཡོད། འོན་ཀྱང་འཕྲིན་ལམ་དེ་སྦག་སུའུ་འཕྲིན་ལམ་ལས་ཁུངས་ནས་མར་འཐེན་པ་ཞིག་ཡིན་པས། ཟླ་རེར་སྦག་སུའུ་འཕྲིན་ལམ་ལས་ཁུངས་ལ་སྒོར་ཁྲི་ལྔ་དང་ལྔ་བརྒྱ་རེ་འཕྲིན་གླར་སྤྲོད་དགོས་ཀྱི་ཡོད།
དྲི་བ། ཁྱེད་རང་ཚོས་འཕྲིན་ལམ་གྱི་ལས་ཀ་བྱེད་སྐབས་དཀའ་ངལ་གང་འཕྲད་ཀྱི་འདུག
ལན། བརྙན་འཕྲིན་འཕྲིན་ལམ་གྱི་ལས་གཞི་འདིའི་ཐོག་དཀའ་ངལ་མང་དག་ཅིག་ཡོང་གི་འདུག དང་པོ་དེ་བོད་པའི་ནང་འཕྲིན་ལམ་བཟོ་ཤེས་མཁན་གྱི་མི་དཀོན་པོ་ཡོད་པ་དེ་རེད། དེར་བརྟེན་སྐབས་སྔོན་མའི་རྒྱུན་ལས་ཚོས་རྒྱ་གར་བ་ཞིག་འཚོལ་དགོས་བྱུང་ཡོད་པ་དང་། རྒྱ་གར་བ་དེས་ལས་ཀ་དྲང་པོ་མ་བྱས་པར་བྱུང་འཛིན་རྫུན་མ་བཟོས་པ་སོགས་ཀྱི་དཀའ་ངལ་འཕྲད་ནས་ཕྱིར་ཕུད་བྱེད་དགོས་བྱུང་འདུག རིམ་བཞིན་འཕྲིན་ལམ་བཟོ་ཤེས་མཁན་ཡག་པོ་མེད་པའི་རྐྱེན་གྱིས་སྐབས་རེར་འཕྲིན་ལམ་གསལ་པོ་མེད་པ་ཆགས་ནས་འཕྲིན་གླ་བསྡུ་མ་ཐུབ་པ་དེ་འདྲ་ཆགས་ཡོད་པ་རེད། ཡིན་ན་ཡང་སྔ་ལོ་ནས་བཟུང་འཕྲིན་ལམ་བཟོ་རྒྱུར་ཆེད་སྦྱོང་བྱས་མྱོང་བའི་བོད་པ་ཞིག་ལས་བྱེད་དུ་བསྐོས་ནས། འཕྲིན་ལམ་གྱི་སྐུད་པ་དང་གློག་གི་ཡོ་ཆས་མང་པོ་ཞིག་གསར་པ་བརྗེས་ཏེ། ད་ལྟ་སྦག་སུའུ་ནས་གང་ཡོད་པ་རྣམས་ དཀའ་ངལ་གང་ཡང་མེད་པར་གསལ་པོར་གཟིགས་ཐུབ་ཀྱི་ཡོད། ཡིན་ན་ཡང་ད་དུང་ང་ཚོའི་དཀའ་ངལ་མཚམས་ཆད་མེད། གང་ཡིན་ཟེར་ན་སྤྱིར་འཕྲིན་ལམ་བེད་སྤྱོད་གནང་མཁན་མང་ཆེ་བས་ཟླ་རེའི་འཕྲིན་ལམ་གྱི་རིན་སྒོར་༢༥༠ དཀའ་ངལ་གང་ཡང་མེད་པར། དུས་ཐོག་ཏུ་གནང་བཞིན་ཡོད་ཀྱང་ཁྱིམ་ཚང་ཉུང་ཤས་ཤིག་ནས་འཕྲིན་ལམ་གྱི་རིན་བབས་མ་སྤྲད་པ་དང་། སྤྲད་ཀྱང་དུས་ཐོག་ཏུ་མ་སྤྲད་པ། ཐོ་འགོད་མ་བྱས་པར་འཕྲིན་ལམ་བེད་སྤྱོད་བྱེད་པ། འཕྲིན་ལམ་གླ་ཆ་བསྡུ་མཁན་ཚོར་ཚིག་རྩུབ་ཀྱིས་བཀའ་བཀྱོན་གཏོང་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།
ད་དུང་འཕྲིན་ལམ་ཐོ་འགོད་མ་བྱས་པར་རྐུན་མ་བྱེད་པ་དེས་ས་ཁུལ་དེའི་ནང་བརྙན་འཕྲིན་གསལ་པོ་མེད་པ་ཆགས་ཀྱི་འདུག་ལ། ཁྱིམ་ཚང་རེ་ཟུང་གིས་ང་ཚོ་དངུལ་བསྡུ་མཁན་ཚོར་ཁ་རྡུང་དང་། རྣམ་འགྱུར་ངན་པ་སྟོན་པ་སོགས་བོད་པའི་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་པའི་གཞུང་ཞབས་པ་དང་བོད་རིགས་ཁ་ཤས་ཤིག་ཡོད། གནས་ཚུལ་འདི་ཚོས་སློབ་གྲྭ་ཐོན་མ་ཐག་པའི་ང་ཚོའི་སེམས་ཤུགས་ཅན་གྱི་དང་བླངས་ལས་བྱེད་པ་རྣམས་ཧང་སང་དགོས་པ་བཟོས་སོང་། དངོས་གནས་བྱས་ན་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིས་ལས་ཀ་བྱས་ན་ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོད་རེད། ཡིན་ན་ཡང་ང་ཚོ་བོད་པ་ཚོས་དེ་འདྲ་བསམ་བློ་གཏོང་རོགས་བྱེད་ཀྱི་མི་འདུག ང་ཚོ་ཟླ་རེའི་འཕྲིན་ལམ་གྱི་གླ་ཆ་བསྡུ་སར་སོང་བ་ལྟ་བུ་མ་ཡིན་པར་དངུལ་སློང་སར་འགྲོ་བཞིན་ཡོད་པ་དང་གཅིག་པ་རེད། དྲང་མོ་བཤད་ན་སང་ཉིན་དངུལ་བསྡུ་རྒྱུའི་དུས་ཚོད་ཁེལ་ཡོད་ན་དེ་རིང་དགོང་མོར་གཉིད་ཡག་པོ་ཡོང་གི་མི་འདུག ཡང་ཁྱིམ་བདག་འགའ་རེར་དུས་ཐོག་ཏུ་དངུལ་མེད་པ་སོགས་ཀྱི་སྐབས་དང་འཁེལ་ནས་འཕྲིན་གླ་ཆ་ཚང་དུས་ཐོག་ཏུ་བསྡུ་མ་ཐུབ་པ་དེར། བསམ་འཆར་ཡང་གང་མང་ཡོང་གི་འདུག་ན་ཕྱི་ལོ་༢༠༡༣ ཟླ་བ་༡ ནས་བཟུང་། ཟླ་བ་གཉིས་རེའི་འཕྲིན་གླ་སྒོར་ལྔ་བརྒྱ་དང་འཕྲིན་ལམ་ཐོ་འགོད་དེབ་ལྗང་ཁུ་དེ་ཁྱེར་ནས། མེག་ལོར་ཨོམ་མགྲོན་ཁང་དང་བག་གྲོ་ཟ་ཁང་གི་ཁ་གཏད་དུ་ཡོད་པའི་ས་གནས་གཞོན་ནུའི་ཡིག་ཚང་ནང་ཡོང་རོགས་གནང་ཞུ་རྒྱུ་ཡིན།
དྲི་བ། འཕྲིན་ལམ་གསར་པ་དེ་འདྲ་ལེན་འཆར་ཡོད་དམ།
ལན། སྤྱིར་རྒྱ་གར་རྒྱལ་ཡོངས་ནང་བེད་སྤྱོད་བྱེད་བཞིན་པའི་འཕྲིན་ལམ་གང་འཚམས་ཤིག་ཡོད་རེད། དེ་ཚོ་ཡག་པོ་བལྟ་ཐུབ་ཀྱི་ཡོད་རེད། ཡིན་ན་ཡང་རྒྱ་གར་ནང་གསར་དུ་དར་བ་དང་བོད་ནས་ཐད་གཏོང་བྱས་པའི་ཁམས་པའི་བརྙན་འཕྲིན་དེ་ཚོའི་རིགས། གསར་དུ་ལེན་ཐབས་སུ་ང་ཚོས་སྦག་སུའུ་འཕྲིན་ལམ་ལས་ཁུངས་དང་མཉམ་དུ་སྐད་ཆ་བྱེད་བཞིན་ཡོད། ཁོང་ཚོས་ངོས་ལེན་བྱས་ན་ང་ཚོས་ད་དུང་འཕྲིན་ལམ་གསར་པ་ཁག་ཅིག་ལེན་འཆར་ཡོད།
དྲི་བ། བཅར་འདྲི་འདི་བརྒྱུད་ནས་ཁྱོད་ལ་བསམ་ཚུལ་གསུངས་རྒྱུ་ཡོད་དམ།
ལན། ཐོག་མར་ངས་གཞོན་ནུའི་འཕྲིན་ལམ་གཟིགས་མཁན་གྱི་མི་མང་ཚང་མར་སྔོན་མ་འཕྲིན་ལམ་གསལ་པོ་མ་སླེབས་པར་དགོངས་གསོལ་ཞུ་རྒྱུ་ཡིན། སྤྱིར་དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་འདི་བཞིན་གནས་ཡུལ་གྱི་ཆ་ནས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་སའི་ལྟེ་གནས་བཞུགས་སྒར་དུ་གནས་ཡོད་པས། གཞི་རྒྱ་ཆེ་ལ་སྣེ་ཁ་མང་བའི་བོད་དོན་འཐབ་རྩོད་དང་ཁྱབ་བསྒྲགས་ཀྱི་ལས་འགུལ་གང་མང་ཞིག་སྤེལ་དགོས་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༠༨ ནས་ཟུང་བོད་ནང་ལ་ཛ་དྲག་གི་གནས་ཚུལ་བསྟུད་མར་བྱུང་དང་འབྱུང་བཞིན་པར། འདི་ག་ས་གནས་གཞོན་ལྷན་ནས་གཞིས་བཞུགས་བོད་མིའི་རེ་བ་དང་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བའི་འགན་ཁུར་ཕྲག་ཏུ་བླངས་ནས། འཐབ་རྩོད་ཀྱི་ལས་འགུལ་སྣེ་མང་བསྟུད་མར་སྤེལ་དང་སྤེལ་བཞིན་པར་དཔལ་འབྱོར་གྱི་འགྲོ་སོང་ཡང་ཤུགས་ཆེན་གཏོང་དགོས་ཀྱི་ཡོད། བརྙན་འཕྲིན་འཕྲིན་ལམ་འདི་ནི་ས་གནས་གཞོན་ནུའི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཆགས་ཡོད་ཀྱང། ཉེ་ཆར་བྱུང་སོང་ཁ་མ་འདུམ་པའི་གནས་སྟངས་འོག་གངས་སྐྱིད་ས་ཁུལ་གྱི་འཕྲིན་ལམ་ལས་གཞི་འདི་ཡང་། རྒྱུན་སྐྱོང་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པས། འཕྲིན་ལམ་བེད་སྤྱོད་གནང་མཁན་ཚོས་ཐུགས་བསམ་ཆེར་བཞེས་ཀྱིས། རྗེས་ཕྱོགས་སུ་གོང་ཞུས་ཀྱི་དཀའ་ངལ་དེ་དག་མི་ཡོང་བའི་རྒྱབ་སྐྱོར་གནང་རོགས་དང། འཕྲིན་ལམ་ལ་དཀའ་ངལ་ཡོད་ཚེ་འཕྲིན་ལམ་ལས་བྱེད་ཀྱི་ལས་ཀའི་དུས་ཚོད་སྔ་དྲོ་ཆུ་ཚོད་༡༠ ནས་ཕྱི་དྲོ་ཚོུད་༦ བར་འཕྲིན་ལམ་ལས་བྱེད་ལ་ཁ་པར་གཏོང་གནང་ཡོང་བ་ཞུ་རྒྱུ་ཡིན།
ཡང་གསར་འགོད་པས་དྷ་ས་གངས་སྐྱིད་ས་གནས་སུ་གཞོན་ལྷན་གྱི་བརྙན་འཕྲིན་སྐུད་ལམ་འཐེན་མཁན་ཚོར་དཀའ་ངལ་གང་ཡོད་རྒྱུས་ལོན་བྱས་པར། སྐུད་ལམ་འཕྲོ་བརླག་ཏུ་སོང་ན། མགྱོག་པོ་བཟོ་མཁན་ཡོང་གི་མེད་པ་དང་། སྐུད་ལམ་གྱི་གླ་ཆ་དུས་ཐོག་ཏུ་བསྡུ་མཁན་མེད་པ། སྐབས་རེར་བསྡུ་སར་ཡོང་ཡང་། མི་ནང་དུ་མེད་དུས་ལ་ཁེལ་བས། རྗེས་སུ་དངུལ་དུས་ཡུན་རིང་པོར་བསྡུ་མཁན་མེད་པའི་དཀའ་ངལ་ཡོད་སྐོར་བཤད་མཁན་འདུག །