རྒྱ་གཞུང་གིས་འགད་རྫས་འོག་རྨས་སྐྱོན་རྗེས་འདས་གྲོངས།

gyarig_thar3༢༠༡༢ལོར་བོད་མདོ་སྨད་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་གཞུང་གིས་དགེ་འདུན་པ་མང་པོ་འཛིན་བཟུང་དང་མི་མང་ཁྲོད་འགད་རྫས་འོག་རྨས་སྐྱོན་ཕོག་པ་རྒྱལ་རིགས་ཐར་འདས་གྲོངས་སུ་སོང་བའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་ཡང་བསོད་ནམས་ཀྱིས་ཕྱི་ཟླ་༢ ཚེས་༤ ཉིན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༡༢ལོའི་ཧོར་ཟླ་༣ ཚེའི་༡༧ ཉིན་མདོ་སྨད་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་གཞུང་གིས་དགེ་འདུན་པ་མང་པོ་འཛིན་བཟུང་བཀག་ཉར་བྱས་པར་བརྟེན། མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ཞི་བའི་ཁྲོམ་སྐོར་བྱེད་སྐབས། རྒྱ་དམག་གིས་མང་ཚོགས་ནང་དུ་འགད་རྫས་གཡུག་པ་དང་དུས་མཉམ་དུ་གཅར་རྡུང་དྲག་པོ་བྱེད་པའི་སྐབས་རྨས་སྐྱོན་ཆེན་པོ་ཕོག་མཁན་རྒྱལ་རིག་ཐར་གྱི་མགོ་ལ་གད་རྫས་ཕོག་སྟེ་མགོ་ཡང་གཏོར་ཏེ། སྨན་ཁང་ནང་དུ་ཟླ་དགུའི་རིང་སྐད་ཆ་གཅིག་ཀྱང་བཤད་མ་ཐུབ་བསྡད་ཡོད་པ་རེད།

ཁོང་གསོན་པའི་རེ་བ་མེད་ཀྱང་། ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་ཁྲིད་ནས་རྒྱ་གཞུང་གིས་ཀླད་པ་ཐེངས་གསུམ་ལ་གཤག་བྱས་ཤིང་ཀླད་གོར་བླངས་ནས་མགོ་ལྤགས་ཕྱིར་བཙེམས།  སྦུ་ཀའི་རྩ་ཆེན་ནང་ལ་སྨན་འདེད་པ་དང་མིད་ཐག་ནས་ཟ་མ་འདེད་པ་དབུག་སྙིང་ཁ་ནས་འཛིན་པ་སོགས་བྱས་དེ་མི་སྤྱོད་ལས་འདས་པའི་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྨན་བཅོས་འགའ་བྱེད་ཁུལ་བྱས་ཀྱང་། མ་ཕན་པར་ན་ཟུག་བཟོད་མེད་མྱོང་བཞིན་བོད་གངས་ཅན་གྱི་ཕུག་མདུན་ཞིག་དང་རེ་བ་ཆེན་པོ་ཁྱེར་ནས་ཧོར་ཟླ་༡༠ བའི་ཚེས་༡༧ ཉིན་གྱི་སྔ་དྲོ་ཟི་ལིང་སྨན་སྨན་ཁང་དུ་སྐུ་འདས་གྲོངས་སུ་གྱུར།

ཁོང་སྐྱེ་ཡུལ་ནི་འབའ་རྫོང་དགོན་གོང་མ་སྟག་སྐོར་སྡེ་པ་ཡིན་ཞིང་རང་ལོ་༣༥ཡིན། ཁོང་གི་ཕ་མིང་ལ་མགོན་པོ་དང་མ་མིང་ལ་ཚེ་རིང་མཚོ་ཟེར་ཞིང་།ཉ ཆུང་མའི་མིང་ལ་ལྕགས་སྒྲོན་དང་། བུ་ཆེ་བ་ལྕགས་ཐར་རྒྱལ་ལོ་༡༣དང་། བུ་ཆུང་བ་སྟག་ལྷ་ཚེ་རིང་ལོ་༡༠ཅན་བཅས་ཁྱོན་སྡོམས་རྒན་རྒོན་དང་ཕྲུ་གུ་ཕོ་མོ་ནང་མི་༡༠ ཡི་བདག་པོ་བུ་གཅིག་པུ་ཡིན།

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་སྐུ་གྲོངས་རྗེས་འབའ་ཤིང་ཁྲི་དགོན་པའི་གྲྭ་བཙུན་རྣམས་གཙོ་བྱས་པའི་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས་འདས་མཆོད་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང་། མི་མང་རྣམས་ལ་སྡུག་བསྔལ་གྱིས་རང་དབང་མེད་པར་གདོང་ཡོངས་སུ་མིག་ཆུས་བརླན་ནས་སྐྱོ་གདུང་དྲག་པོས་ཁེངས་ཡོད་འདུག འདི་ནི་ཁོང་གཅིག་པུ་ཙམ་མ་ཡིན་པར་མདོ་དབུས་ཁམས་གསུམ་གྱི་ཞི་རྒོད་པ་ཚོའི་སྟེང་ལ་ཆ་མཉམ་ལྟ་བུར་ཆགས་ཡོད།   ཡིན་ནའང་པར་ལེན་པ་དང་བརྡ་འཕྲིན་སོགས་ལ་དམ་དྲག་ཆེ་བའི་དབང་གིས་དཔའ་བོ་མང་ཆེ་བའི་འདྲ་པར་དང་ལོ་རྒྱུས་སོགས་མི་མངོན་པར་གྱུར་ཡོད་པ་དང། ཁོང་གི་འདྲ་པར་འདི་ནི་མི་ཞིག་གིས་རང་གི་ཚེ་སྲོག་ལྟར་གསང་བའི་ཐོག་ཉར་ཚགས་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

gyarig_thar1

ཡར་ལངས་བསྡད་པ་རྣམས་དཔའ་བོ་རྒྱལ་རིག་ཐར་ལགས་ཀྱི་སྔོན་ཆད་ཀྱི་སྐུ་པར་རེད། མི་མང་མང་པོ་འཛོམས་ཡོད་པ་དེ་ཁོང་ལ་མཆོད་འབུལ་དང་མྱ་ངན་བྱེད་བཞིན་པའི་རྣམ་པ་རེད། དཔའ་བོ་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་པར་དང་། ཁ་བཏགས་སྒྲོན་འབུལ་དང་༧གོང་ས་མཆོག་གི་སྐུ་པར་མདུན་དུ་ཡོད་པ་དེ་དཔའ་བོ་ཁོང་སྐུ་འདས་གྲོངས་སུ་གྱུར་ཟིན་པའི་རྣམ་པ་རེད།

gyarig_thar4gyarig_thar2