སློབ་ཕྲུག་ཚོ་ཞིང་ཁར་བཏབ་པའི་ས་བོན་ལྟ་བུ་རེད།
ཟླ་འདིའི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཌ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་བོད་ཡིག་དང་ནང་ཆོས་སོགས་ཀྱི་རང་སྦྱོང་སློབ་ཁྲིད་མཇུག་བསྡུས་ཡོད་པ་རེད།
དེ་ཡང་སེར་བྱེས་གྲྭ་ཚང་གིས་ཕྱི་ལོ་༢༠༡༠ ནས་ལོ་ལྟར་སློབ་གྲྭའི་དགུན་ཁའི་གུང་སེང་སྐབས་ཀྱི་ཟླ་གཅིག་རིང། བོད་རིགས་སློབ་མ་ཚོར་ནང་ཆོས་དང་བོད་ཡིག་གི་རང་སྦྱོང་སློབ་ཁྲིད་ཆེད་དགེ་རྒན་དང་འཛིན་ཁང་སོགས་མཐུན་རྐྱེན་སྤྲོད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཕྱོགས་མཐའ་ཁག་ནས་གུང་སེང་ལ་སླེབས་པའི་སློབ་མ་བརྒྱ་ཕྲག་བརྒལ་བ་ཞིག་ལ་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ནང་ཆོས་དང། སུམ་རྟགས། མཚན་ཉིད། ཚན་རིག ཨང་རྩིས་བཅས་ཀྱི་རང་སྦྱོང་སློབ་ཁྲིད་བྱས་ཡོད་པ་རེད།
སློབ་ཁྲིད་བྱེད་མཁན་དགེ་རྒན་དགུ་གྲ་སྒྲིག་བྱས་ནས་སློབ་མའི་ཁམས་དང་མོས་པ་བཞིན་འཛིན་གྲྭར་སློབ་ཁྲིད་བྱས་ཏེ་ཟླ་གཅིག་ཟིན་རྗེས། ཟླ་འདིའི་ཕྱི་ཚེས་༤ ཉིན་སློབ་ཁྲིད་མཇུག་བསྡུའི་མཛད་སྒོ་ཞིག་བསྐོང་སོང་། སྐབས་དེར་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དགེ་ལེགས་དབུ་བཞུགས་ཐོག དགོན་པའི་དགེ་སྐོས་དང་ཕྱག་མཛོད། དགེ་རྒན་རྣམ་པ་བཅས་མཉམ་འཛོམས་ཀྱིས་སློབ་ཕྲུག་རྣམས་ལ་ལག་ཁྱེར་ཡང་སྤྲད་ཡོད་པ་རེད།
སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་ལྷུན་འགྲུབ་ཀྱིས་སྐབས་དེར་རང་སྦྱོང་སློབ་ཁྲིད་གོ་སྒྲིག་བྱས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་སྐབས། “ང་རང་ཚོ་རང་དབང་ལུང་པ་འདི་ལ་སེམས་ཤུགས་བྱས་ཏེ་བོད་ཀྱི་བདེན་མཐའ་གསལ་བའི་ཆེད་དུ་གཙོ་བོ་ཤེས་ཡོན་དགོས་པ་རེད། ཤེས་ཡོན་ཡག་པོ་ཡོད་པ་ཡིན་ན་བོད་ཀྱི་རྩ་དོན་རྩོད་པ་ཡིན་ན། ནུས་པ་ཐོན་པ་ཞིག་རེད་འདུག དེ་མིན་ང་རང་ཚོ་གྲོང་ཁྱེར་ཁག་ལ་སྐད་རྒྱག་ཏུ་དུས་ནས་དུས་སུ་འགྲོ་ཡི་འདུག དེ་ཡིས་ཕྲན་བུ་རེ་ཕན་སྲིད་ཀྱི་རེད་དེ། ཁག་པོ་ཞེ་དྲག་རེད། དེར་བརྟེེན་ཚང་མས་ཤེས་ཡོན་ལ་ཐུགས་སྣང་གནང་རོགས་”ཞེས་སློབ་སྦྱོང་གི་གལ་གནད་སྐོར་གསུངས་སོང་ལ། དེ་བཞིན་སེར་བྱེས་དགེ་སྐོས་ངག་དབང་སངས་རྒྱས་ཀྱིས་ཀྱང་“༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན། ཁྱེད་རང་ཚོ་སློབ་མ་རྣམས་མ་འོངས་པར་བོད་ཀྱི་བསྟན་སྲིད་གཉིས་ལ་བདག་པོ་རྒྱག་མཁན་ཞིག་ཏུ་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་འདྲའི་རེ་བའི་ཀུན་ནས་བསླངས་ཏེ་སློབ་ཁྲིད་འདི་གོ་སྒྲིག་བྱས་པ་རེད། ཁྱེད་ཚོ་ཞིང་ཁར་བཏབ་པའི་ས་བོན་ལྟ་བུ་རེད། ང་ཚོ་འབྲས་བུ་སྨིན་བྱེད་ཆུ་ལུད་ཀྱི་མཐུན་རྐྱེན་སྤྲོད་མཁན་རེད། མ་འོངས་པར་ཁྱེད་ཚོ་འབྲས་བུ་ཡག་པོ་སྨིན་ནས་བོད་མི་རིགས་ཀྱིས་ལོངས་སུ་སྤྱོད་རྒྱུ་ཞིག་ཡོང་བར་རེ་བ་བྱེད་ཀྱི་ཡོད་རེད།” ཅེས་གསུངས་སོང་།
མཐར་སེར་བྱེས་མཁན་རིན་པོ་ཆེས་“ང་ཚོ་གྲྭ་ཚང་གི་ངོས་ནས་ཡིན་ན་འདྲ། ཁྱེད་རང་ཚོ་སློབ་ཕྲུག་གི་ངོས་ནས་ཡིན་ན་འདྲ། གཙོ་བོ་༸རྒྱལ་བ་རིན་པོའི་ཆེའི་བཀའ་སྒྲུབ་རྒྱུ་གལ་ཆེན་རེད། ༸རྒྱལ་བ་རིན་པོ་ཆེ་བཀའ་གནང་མཁན་རེད། ང་ཚོ་བཀའ་སྒྲུབ་མཁན་རེད། དེར་བརྟེན་ཚང་མས་རྒྱལ་བ་རིན་པོ་ཆེའི་བཀའ་ཆ་ཚང་སྒྲུབ་མ་ཐུབ་ནའང། གང་ཐུབ་ཅི་ཐུབ་བྱེད་དགོས་རེད།”ཅེས་གསུངས་སོང།
གསར་འགོད་པས་སློབ་ཁྲིད་དེར་ཞུགས་པའི་སློབ་མ་གཉིས་ལ་རང་སྦྱོང་སློབ་ཁྲིད་དེས་ཕན་ཐོགས་བྱུང་ཡོད་མེད་སྐོར་དྲིས་པར། སློབ་མ་ལུང་རིག་རྡོ་རྗེས། “སེར་བྱེས་གྲྭ་ཚང་གི་སློབ་ཁྲིད་དེར་ཞུགས་ནས་ཕན་ཐོགས་ཆེན་པོ་བྱུང་། སྔོན་མ་དང་མི་འདྲ་བར་ད་ལྟ་ཕྱི་རྒྱལ་བ་ཞིག་གིས་ང་ལ་ནང་པ་ཟེར་བ་ག་འདྲ་ཞིག་ཡིན་མིན་སྐད་ཆ་དྲིས་པ་ཡིན་ནའང། ང་ལ་ལན་ག་ལ་གང་འཚམ་རྒྱག་རྒྱུ་ཡོད་པ་ཤེས་སོང། ང་ཚོའི་སློབ་གྲྭའི་ནང་ནས་དགེ་རྒན་ཚོས་སློབ་ཚན་རྫོགས་ཐབས་གཙོ་བོ་བྱེད་པ་ལས་སློབ་ཁྲིད་ཡང་ཞིབ་ཚགས་དེ་འདྲ་ཡོང་གི་ཡོད་པ་མ་རེད། ཡིན་ནའང། འདི་ནས་དགེ་རྒན་ཚོས་དེ་ལྟར་མིན་པར་སློབ་ཚན་རྣམས་ལ་ཞིབ་ཚགས་པོས་འགྲེལ་བཤད་བྱེད་ཀྱི་འདུག དེ་ཡིས་དམིགས་བསལ་ཕན་ཐོགས་འདུག རྗེས་མར་ཡང་འདི་ལྟ་བུ་མུ་མཐུད་ནས་དགོས་པ་གལ་ཆེན་མཐོང་སོང་”ཞེས་བརྗོད་སོང།
ཡང་སློབ་ཕྲུག་བསོད་ནམས་མཚོ་སྐྱིད་ཀྱིས་ “ང་ལ་སོ་སོ་རང་གི་སྐད་ཡིག་དང་གཙོ་བོ་སུམ་རྟགས་སྦྱོང་འདོད་ཆེན་པོ་ཡོད། ནམ་རྒྱུན་ནས་རྟགས་འཇུག་སྐབས་ཀྱི་རྟགས་མཚུངས་འདྲེན་ཚུལ་ཚོ་དཀའ་ལས་ཁག་པོ་ཡོད་པ་རེད། ད་ལོ་བོད་ཡིག་སུམ་རྟགས་འཛིན་གྲྭའི་ནང་ཞུགས་ནས་སློབ་སྦྱོང་བྱས་པ་ཡིན། ཕན་ཐོགས་ཆེན་པོ་བྱུང་། དེ་མིན་རྒྱུན་དུ་རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་སྟེ་སྐད་ཡིག་གསུམ་གྱི་ཐོག་ནས་རྩོམ་ཡིག་འབྲི་ཐབས་སྦྱང་གི་ཡོད། ང་རང་ལ་ཡང་འཛིན་གྲྭ་འདིའི་ཕན་ཐོགས་ཆེན་པོ་བྱུང། ཡག་པོ་འདུག་”ཅེས་བརྗོད་སོང་།
མེ་སོར་གསར་འགོད་པས།