ཅན་དྷི་སྒར་དུ་སྤྱི་འཐུས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཏུ་ཞུ་གཏུགས་ལས་འགུལ་ཚོགས་མི་རྣམས་ཟླ་འདིའི་ཚེས་༥ ནས་པན་ཇབ་དང་། ཧ་རི་ཡ་ན་མངའ་སྡེ་གཉིས་ཀྱི་གྲོང་ཁྱེར་ཅན་དྷི་སྒར་(Chandigarh) དུ་འབྱོར་ཏེ་ཉིན་གཉིས་རིང་རྒྱ་གར་གྱི་མངའ་སྡེ་བློན་ཆེན་ཁག་དང་།

གྲོས་ཚོགས་འཐུས་མི། ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་སོགས་སུ་ཡིག་ངག་གཉིས་ཀྱི་ཐོག་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་གངས་ལྷ་མོ། སྤྱི་འཐུས་རྨོག་རུ་བསྟན་པ་སོགས་ཀྱིས་མུ་མཐུད་དཔོན་རིགས་ཁག་ལ་ཞུ་གཏུག་དང་། གསར་འགོད་གསལ་བསྒྲགས། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག །