མཐོ་རིམ་སློབ་མས་བོད་ནང་གི་དཀའ་སྡུག་སྐོར་ལ་འཁྲབ་སྟོན།

lobsang3_2013_2_6ཟླ་འདིའི་ཚེས་༦ ཉིན་རྒྱ་གར་མེ་སཱོར་མཐོ་སློབ་ཀྱི་སློབ་མ་ཚོས་”ཞུམ་པ་མེད་པའི་སྙིང་སྟོབས་”ཞེས་པའི་གཏམ་རྒྱུད་ཅིག་རྒྱ་གར་ལྷོ་ཕྱོགས་ཧོང་སུར་རབ་རྒྱལ་གླིང་ཚོགས་ཁང་དུ་འཁྲབ་སྟོན་བྱས་ཡོད་པ་རེད།

གཏམ་རྒྱུད་དེ་ནི་གཞིས་ལུས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གི་དྲག་གནོན་དང་དྲང་བདེན་མིན་པའི་ཆབ་སྲིད་འོག་ཇི་ལྟར་སྡུག་པོ་མྱོང་བཞིན་ཡོད་པ་དང་། བཟོད་མེད་ཀྱི་སྡུག་བསྔལ་འོག་བོད་རིགས་དཔའ་བོ་དཔའ་མོ་རྣམས་ཇི་ལྟར་རང་ལུས་མེར་སྲེག་གཏོང་དགོས་བྱུང་བ་དང་། ཁོང་རྣམ་པའི་ནང་མི་སྤུན་ཆེད་དག་ལ་རྒྱ་གཞུང་གིས་ཇི་ལྟར་མ་ཉེས་ཁ་གཡོག་དང་བཙོན་འོག་ཏུ་གནར་གཅོད་གཏོང་གི་ཡོད་པ་སོགས་དེང་སང་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ལ་མྱངས་དང་མྱོང་བཞིན་པའི་དངོས་ཡོད་ཀྱི་གནས་སྟངས་དེ་ཉིད། འཁྲབ་སྟོན་བྱས་པ་ཞིག་ཡིན་པ་དང་། ཧོང་སིར་གནས་བཞུགས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་། ས་གནས་འཐུས་མི། ས་གནས་གཞོན་ལྷན་དང་། བུད་མེད་ལྷན་ཚོགས་སོགས་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་དང་མཐུན་གྱུར་རོགས་རམ་གནང་ཡོད་འདུག

lobsang2_2013_2_6གཏམ་རྒྱུད་འཁྲབ་སྟོན་ཐོག་ཧོང་སིར་གཞིས་གྲོང་ཁག་དང་དགོན་སྡེ་ཁག་གི་སེར་སྐྱ་མི་མང་ཕེབས་ཡོད་པ་རེད། སློབ་མ་འཁྲབ་སྟོན་པ་ཚོའི་ཚད་མཐོའི་སྒྱུ་རྩལ་ནས་དོན་དངོས་ཀྱི་ད་ལྟའི་སྐྱོ་སྡུག་དང་ཁྲག་རྣག་གི་འཁྱིལ་བའི་བོད་ཀྱི་སྤྱི་ཚོགས་སོགས་གསོན་ཉམས་དོད་པོས་མང་ཚོགས་ལ་སྤྱན་འབུལ་ཞུས་པས་ན། དེར་བཞུགས་མི་མང་ཚང་མར་སེམས་ཚོར་དྲག་པོ་སླེབས་པ་དང་། རྒན་གཞོན་སེར་སྐྱ་ཡོངས་ཀྱིས་མིག་ཆུ་ཤོར་ཏེ་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་བྱ་ངན་དེ་ཚོར་ཁོང་ཁྲོ་ལངས་པ་དང་། བོད་ཀྱི་དཔའ་བོ་དཔའ་མོ་ཡོངས་ལ་སེམས་གཏིང་ནས་གུས་བཀུར་ལྡན་པ་གསལ་སྟོན་བྱུང་ཡོད་རེད།

གཏམ་རྒྱུད་འདི་ཉིད་འཁྲབ་དགོས་པའི་དམིགས་ཡུལ་ནི་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་དུས་རྒྱུན་དུ་ཁ་ནས་འདྲ་ཆ་པོ་བཤད་མ་བསྡད་པར། མི་རེ་ངོས་རེ་ནས་སོ་སོའི་འཇོན་ཚོད་ཀྱིས་བོད་དང་བོད་ཀྱི་དཔའ་བོ་དཔའ་མོའི་རིན་བྲལ་གྱི་ཚེ་སྲོག་ཆེད་བྱ་བ་ཆེ་ཕྲ་སྒྲུབ་དགོས་ཀྱི་ཡོད་སྐོར་དང་། ལྷག་པར་དུ་བཙན་བྱོལ་བོད་རིགས་ན་གཞོན་དང་བྱིས་པ་ཚོ་ལ་ངེས་པར་ཏུ་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རང་ཉིད་ཀྱི་མི་རིགས་དང་རྒྱལ་ཁབ་ཆེད་དུ་དཀའ་སྡུག་ཇི་ལྟར་མྱོང་གི་ཡོད་པ་དང་། རྒྱ་ནག་གིས་བོད་རིགས་རྣམས་ལ་ཇི་ལྟར་སྡུག་པོ་གཏོང་གི་ཡོད་པ་གསལ་པོ་ཤེས་རྟོགས་ཆེད་དུ་ཡིན་པ་རེད།།
གནས་ཚུལ་མཁོ་གཏོང་བ་བློ་བཟང་གྲགས་པ།

lobsang1_2013_2_6