སྐྱ་བོ།
མི་ལོ་མང་པོའི་སྐྱོ་བ་རྒྱུན་མཐུད་དེ
ལྷ་སའི་དགུན་ལྗོངས་ཀྱི་གྲང་ངར་ཤེད་ན
སྐྱིད་ཆུའི་ལང་ཚོ་འཁྱག་པས་བསྡམས་ཀྱང
ལྷ་སའི་བུ་ཆུང་བསེར་བུས་འཁྱེར་ཡང
ཞི་བདེའི་འོད་སྒྲོན་མཁན་དུ་རློམ་པ་ཚོས
ངེས་འབྱུང་ཁྲལ་ཁྲུལ་གྱི་སྐྱོ་བའི་འཕྲོ་ནས
འཇིག་རྟེན་གཞན་གྱི་ཕུན་ཚོགས་ལ་རྒྱང་གཟིགས་མཛད་སོང་
ཚེ་སྲོག་ནི་རྟག་ཏུ་གཉོམ་ཆུང་བས
གཉའ་གནོན་གྱི་ཚོར་ཤེས་དེ་དག་ལའང
མིག་ཡོད་ཅིང ཐ་ན སྟ་རེ་བཟུང་སྟེ
བར་སྣང་སྟོང་པར་ལག་པ་གཡུགས་ཐབས་བྱེད་ཀྱིན་འདུག
ང་ཚོས་མགོ་བོ་ག་ཚོད་སྒུར་ནའང
གུ་ཡངས་གཏོང་མཁན་གྱི་སེམས་པ་ཇི་ཙམ་ཡོད་ཨང
ལོ་འགའི་སྔོན་ན་ཨ་ཕར་འབོད་སའི་རྗེ་བོ་ཞིག་གིས
འགྲམ་པས་འགྲམ་པར་གླན་ནས་ལྷ་སའི་སྐྱིད་སྡུག་གླེང་གིན་འདུག་མོད
ད་ལྟར ཨ་མར་འབོད་སའི་འོད་ཐིག་གོར་གོར་དེ་ལ
དྲོན་ཁོལ་ཡེ་ནས་མི་འདུག
ང་ཚོ་ལ་ལྐོག་ལབ་རྒྱག་མཁན་རེ་རེ་བཞིན་མདུན་ན་ཐོན་ཏེ
འཛུབ་ཀེར་གྱིས་བརྙས་བརྐོ་བྱུང
ད་ནི་རང་སེམས་ལ་རྡོ་སྣུམ་བྱུགས་ཏེ
མེ་ལྕེའི་རབ་ཁར་སྙེག་མཁན་ཇི་མང་རེད
ཀྱེ་མ ང་ཚོའི་གཞིས་གྲོང་ན་སྒྲོན་མེ་གསལ་མཁན་གྱི་ལོ་ཆུང་དེ
ཁོས་གྱེས་ཁར་བཞག་པས་གཟེར་ཟུག་དེ་ནི
ང་ཚོ་གཡང་དུ་ལྟུང་བ་དང རྒྱ་མཚོར་འབྱིང་བ
མེས་ཚིག་པ་ལས་གཞན་ཡིན་མི་སྲིད
དཔོན་པོ་ཚོས་རྟག་པར་མགོ་བོ་འདིར་བསྲིངས་ནས་ཡོད་མོད
སུ་ཞིག་རྐྱེན་ལམ་དུ་ཆས་ཟིན་རྗེས་ཤིན་ཏུ་ལྐོག་གྱུར་རེད
དྲི་ལན་འདེབས་མཁན་ཞིག་གིས
དེ་ནི་ཡིད་སྐྱོ་བ་ཞིག་རེད་ཟེར་མོད
སྐད་ཆའི་རྒྱབ་ལྗོངས་ཀྱང་ནག་པོ་རྐྱང་རྐྱང་རེད
༢༠༡༣། ༡། ༡༨