རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་བཤམ་སྟོན།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གློག་བརྙན་དུས་སྟོན་ཐེངས་ལྔ་པའི་སྟེང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་། སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་གི་ཡོད་འདུག་ལ།
དེ་བཞིན་སྐབས་དེར་བོད་དོན་དང་འབྲེལ་བའི་གློག་བརྙན་ཁག་ཅིག་ཀྱང་གཟིགས་འབུལ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་ནས་མགོ་བརྩམས་ཏེ་ཉིན་༦ གི་རིང་ནོར་ཝེའི་རྒྱལ་ས་ཨོ་སུ་ལོར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་འཚོགས་བཞིན་ཡོད་པ་དང་། དུས་སྟོན་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་། དེ་བཞིན་སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་གི་ཡོད་འདུག་ལ། དེ་བཞིན་སྐབས་དེར་བོད་དོན་དང་འབྲེལ་བའི་དོན་གྲུབ་དབང་ཆེན་གྱི་གློག་བརྙན་“འཇིགས་བྲལ”་ཞེས་པ་དང་། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་སྐུ་ཟླ་རི་ཐོསའ་རན་གཉིས་ཀྱི་“སྤྲིན་རྒྱབ་ཀྱི་ཉི་མ”། ངག་དབང་ཆོས་འཕེལ་གྱི་“དབྱིངས་ལ་ཐིམ་པའི་བོད”་ཅེས་པའི་གློག་བརྙན་གསུམ་དེ་ཡང་གཟིགས་འབུལ་བྱེད་ཀྱི་ཡོད་པ་རེད།
ཐེངས་འདིའི་དུས་སྟོན་དེར་ཉིན་གྲངས་དྲུག་གི་རིང་འཛམ་གླིང་སྤྱི་དང་ལྷག་དོན་ནོར་ཝེ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་བཟོ་བསྐྲུན་བྱ་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།