ལོ་སར་ཚེས་གཅིག་ཉིན་ཟས་བཅད་ངོ་རྒོལ།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་༤༠ ཡས་མས་ཤིག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་ཆེད། ལོ་སར་ཚེས་གཅིག་ཉིན་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ཏེ་བོད་ཆུ་སྦྲུལ་ལོའི་ལོ་སར་ཚེས་གཅིག་གི་ཉིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་ལོ་སར་ཚེས་གཅིག་ཉིན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་རྗེས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དང་བླངས་སློབ་མ་ཁག་ཅིག་གི་གོ་སྒྲིག་འོག མཐོ་སློབ་དེའི་སློབ་ཕྲུག་༤༠ ཡས་མས་ཤིག་གིས་མགོར་ལོ་སར་མི་གཏོང་ཞེས་བྲིས་པའི་ཐོད་རས་དཀར་པོ་རེ་དང་། ཁ་རས་ནག་པོ་རེ་བཏག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་དུ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོངས་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་ཉེས་མིང་འོག་བོད་མི་ཚོ་གང་བྱུང་འཛིན་བཟུང་གིས། ཁྲིམས་ཐག་འདྲ་མིན་ཞིག་གཅོད་ཀྱི་ཡོད་པ་དེ་དག་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་རྒྱ་གཞུང་གིས་ཁྲིམས་འགལ་སྣ་ཚོགས་བྱས་ཏེ་བོད་མི་ཚོར་སྡུག་སྦྱོང་བར་མ་ཆད་པར་གཏོང་གི་ཡོད་པ་རྣམས་རྒྱལ་སྤྱིའི་སྒང་གསལ་པོར་སྟོན་ཆེད། བོད་ཆུ་སྦྲུལ་ལོའི་ལོ་སར་ཚེས་གཅིག་ཉིན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་འདུག
ལས་འགུལ་གྱི་ཐོག་མར་པུར་སྒམ་གདན་ཞུ་གྲུབ་མཚམས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་གིས་དྲང་བདེན་མེད་པར་བོད་མི་ཚོར་ཁྲིམས་ཐག་བཅད་པ་དེ་དག་ལ་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་བྱས་སོང་ལ། ལས་འགུལ་བ་ཚོས་སོ་སོའི་ལག་པ་དང་མཛུབ་མོར་ཁྲག་གཏར་ཏེ། རས་དཀའ་པོ་ཞིག་གི་སྟེང་ཉེ་ཆར་རྒྱ་གཞུང་གིས་སྲོག་ཐོག་གི་ཁྲིམས་ཆད་བཏང་བའི་བློ་བཟང་དཀོན་མཆོག་གི་མིང་བྲིས་ཏེ། རྒྱ་གཞུང་གི་དྲང་བདེན་མེད་པའི་སྲིད་ཇུས་ལ་ངོ་རྒོལ་དང་། བློ་བཟང་དཀོན་མཆོག་གིས་གཙོས་པའི་ཚེ་སྲོག་དང་དུས་ཡུན་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་འདུག དེ་བཞིན་ལས་འགུལ་མགོ་འཛུགས་སྐབས་སློབ་མ་ཚོས་པུས་མོ་བཙུགས་ཏེ་ཆུ་ཚོད་༡ གི་རིང་བསྡད་འདུག
ལས་འགུལ་གོ་སྒྲིག་པའི་སྐུ་ཚབ་གྲྭ་འཇམས་དབྱངས་སྦྱིན་པས་སློབ་མ་ཚོའི་ངོས་ནས། ལོ་སར་སྐབས་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་སྐོར་བརྗོད་དོན། “ལས་འགུལ་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་དེ། ༢༠༡༢ ཀྱི་ལོ་དེར་བོད་ཙམ་མ་ཟད་རྒྱལ་སྤྱིའི་སྒང་ལ་འཚེ་མེད་ཞི་བའི་འཐབ་རྩོད་རླབས་ཆེ་དེ་བོད་ནང་ནས་སྤེལ་ཡོད་རེད། ༢༠༡༢ ལོ་གཅིག་པུར་བོད་ནང་གི་བོད་མི་༨༣ གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་རེད། བོད་ཕྱི་ནང་གཉིས་བསྡོམས་པ་ཡིན་ན་༡༠༤ ཆགས་ཡོད་པ་རེད། གནས་སྟངས་དེ་དག་རྒྱལ་སྤྱིའི་སྒང་ལ་གསལ་སྟོན་ཡོང་ཆེད་དང་། དེ་བཞིན་རྒྱ་གཞུང་གིས་བོད་མི་ཚོར་དྲང་བདེན་མེད་པའི་ཁྲིམས་ཐག་གཅོད་ཀྱི་ཡོད་པ་དེ་ཚོར་ངོ་རྒོལ་དང། བོད་ནང་གི་བོད་མི་ཚོས་ཉིན་མཚན་མེད་པར་རྒྱ་གཞུང་གིས་དྲག་གོན་འོག་དཀའ་སྡུག་མྱོང་གི་ཡོད་པ་དེ་དག་ལ་གདོང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་འདི་སྤེལ་བ་ཡིན”་ཞེས་དང་།
ཡང་ཁོང་གིས་མུ་མཐུད་བརྗོད་དོིན། “ང་ཚོ་སློབ་མ་ཞིག་ཡིན་པའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། བོད་ནང་ནས་རེབ་གོང་དང་ཆབ་ཆ་བཅས་ཀྱི་སློབ་མ་ཆིག་ཁྲི་ལྷག་གིས། རྒྱ་གཞུང་གི་དྲང་བདེན་མེད་པའི་ཁྲིམས་ལུགས་དང་སྒེར་གཅོད་རིང་ལུགས་ལ་ངོ་རྒོལ་གྱིས། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་སོགས་ཀྱི་ལས་འགུལ་སྔ་རྗེས་སུ་སྤེལ་ཡོད་རེད། སྐབས་དེར་རྒྱ་གཞུང་གིོས་སློབ་མ་ཚོར་ཁྲིམས་ཐག་གཅོད་པ་དང་རྡུང་རྡེག་ཚད་ལས་བརྒལ་བ་བྱས་ཡོད་རེད། གནས་སྟངས་དེ་ཚོ་ང་ཚོས་རྒྱལ་སྤྱིའི་སྒང་ལ་གསལ་པོ་བཟོ་དགོས་ཀྱི་ཡོད་རེད། དེར་བརྟེན་ལས་འགུལ་འདི་སྤེལ་བ་ཡིན”་ཞེས་བརྗོད་བྱུང་།
ཐེངས་འདིའི་སློབ་མའི་ལས་འགུལ་གྱི་ཉིན་དང་པོར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཉིན་གཉིས་པར་རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡིན་པ་རེད་འདུག