ཁམས་བྲག་མགོ་རྫོང་གི་བོད་མི་༥ ལ་ཁྲིམས་ཐག་བཅད་འདུག

3_2_13tashidhargye2རྒྱ་གཞུང་གིས་ཁམས་བྲག་མགོ་རྫོང་གི་གྲྭ་བ་གཉིས་དང་མི་སྐྱ་གསུམ་བཅས་བོད་མི་ལྔ་ལ་ལོ་བཅུ་ནས་བཅུ་བཞི་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། 3_2_13tashidhargye2དེ་ཡང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡ པོའི་ཚེས་༣ ཉིན་ཁམས་བྲག་མགོ་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། སྐབས་དེར་རྒྱ་གཞུང་གིས་བོད་མི་ཚོར་གང་བྱུང་གིས་མེ་མདའ་བརྒྱབ་སྟེ་ཁག་ཅིག་དམར་གསོད་བཏང་བ་མ་ཟད། གནས་ཚུལ་དེ་བྱུང་རྗེས་ཁུལ་དེའི་ས་གནས་བོད་མི་མང་པོ་ཞིག་སྔ་རྗེས་ཀྱིས་འཛིན་བཟུང་བྱས་ཏེ་དུས་བཀག་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཕྱི་ཟླ་༡ ཚེས་༢༦ ཉིན་བྲག་མགོ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་དང་གྲྭ་རྣམ་རྒྱལ་དོན་འགྲུབ། མི་སྐྱ་འཕྲིན་ལས། གཞན་ཡང་མིང་དང་ལོ་རྒྱུས་གསལ་བོ་མ་ཤེས་པའི་བོད་མི་༢ བཅས་ལ་བྲག་མགོ་མི་མང་གི་ཞི་བའི་ངོ་རྒོལ་གྱི་སྣེ་ཁྲིད་མཁན་དང་། གཞུང་གི་དངུལ་ཁང་གཏོར་བཅོམ་བྱེད་མཁན་བཅས་ཀྱི་ཉེས་འཛུགས་འོག  ལོ་༡༠ ནས་༡༤ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

3_2_13namgayldhondu2རྒྱ་གཞུང་གིས་བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་དང་གྲྭ་རྣམ་རྒྱལ་དོན་འགྲུབ་གཉིས། ༢༠༠༨ ལོའི་ས་གནས་ཀྱི་ཞི་རྒོལ་དང་།  ༢༠༡༢ ལོའི་ཕྱི་ཟླ་༡ པོའི་ཚེས་༢༣ ཉིན་གྱི་ཞི་རྒོལ་བཅས་སུ་མཉམ་ཞུགས་ཀྱིས་མི་མང་གི་སྣེ་ཁྲིད་དང་སྐུལ་སློང་བྱེད་མཁན་གཙོ་བོ་ཡིན་པའི་ཉེས་འཛུགས་འོག ལོ་སྔོན་མའི་དཔྱིད་གསར་དུས་ཆེན་རྗེས་སུ་འཛིན་བཟུང་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་༡ཚེས་༢༦ ཉིན་བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་གིས་ཕ་ཨ་ལོ་དང་མ་ཚེ་གོ་གཉིས་ཀྱི་བུ། རང་ལོ་༣༠ ཡིན་པའི་བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་དང་། ཕ་ལོ་ཚེ་དང་མ་ལྷ་པོ་གཉིས་ཀྱི་བུ་གྲྭ་རྣམ་རྒྱལ་དོན་འགྲུབ་གཉིས་ལ་ལོ་༡༤ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་པ་དང་།

3_2_13trinley2དེ་བཞིན་ཕ་སངས་རྒྱས་རྒྱལ་མཚན་དང་མ་ཚེ་ལོ་གཉིས་ཀྱི་བུ་འཕྲིན་ལས་ལ། སྔ་ལོའི་ས་གནས་ཀྱི་ཞི་རྒོལ་སྐབས་དངུལ་ཁང་གཏོང་བཅོམ་བྱེད་མཁན་དང་ཁ་བྲལ་བའི་ཉེས་མིང་འོག གོང་ཚེས་ཉིན་བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་༡༠ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་དང་། བྲག་མགོ་མདའ་མདོ་ཞང་གི་བོད་མི་གཉིས་ལ་ཡང་ལོ་༡༡ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག