རྒྱ་དར་འཕྱར་ཏེ་གོམ་བགྲོད་གཉིས་པ་འགོ་འཛུགས་རྒྱུ་ཡིན།
གླིང་ཚ་ཚེ་བརྟན་རྡོ་རྗེས་ཟླ་འདིའི་ཚེས་༡༧ ཉིན་དྷ་ས་མེག་གྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སྟེ། ཁོང་གིས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་འདི་ལོ་ཕྱི་ཟླ་༣ ཚེས་༡༠ ཉིན་འགོ་འཛུགས་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།
ཁོང་གིས་ས་གནས་གང་ཞིག་ནས་ལས་འགུལ་འགོ་འཛུགས་བྱེད་རྒྱུ་ཡིན་པ་ད་ལྟ་ཁ་གསལ་བརྗོད་མེད་ནའང་། བོད་དུ་སླེབས་ཐབས་བྱེད་རྒྱུ་ཡིན་སྐོར་དང་། སྔར་བཞིན་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ན་དེར་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།
གསལ་འགོད་གསལ་བསྒྲགས་ཐོག་ཁོང་ལ་བོད་མི་མང་ཁྲོད་རྒྱ་མིའི་རྒྱ་དར་འཕྱར་བ་དེ་མོས་མཐུན་མེད་པ་དང་། དེ་ལ་ངོ་རྒོལ་བྱེད་མཁན་ཡང་ཡོད་པས། ཁྱེད་ཀྱིས་མུ་མཐུད་རྒྱ་དར་འཕྱར་རྒྱུ་ཡིན་མིན་སྐོར་དྲིས་པར། ཁོང་གིས་མུ་མཐུད་རྒྱ་དར་འཕྱར་རྒྱུ་ཡིན་སྐོར་དང་། ངས་འགོ་བཙུགས་པའི་ལས་དོན་དེ་ངས་མཇུག་སྐྱོང་གི་རེད། ངས་རྒྱ་དར་ཁྱེར་བ་དེ་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་ཞེས་ཁྱེར་མེད། དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས་མ་འོངས་པའི་ཁྱིམ་གཞི། ཀྲུང་གོའི་ཁྱིམ་གཞི་གསར་པའི་མངའ་སྡེ། ཆེས་མཐོའི་རང་སྲིད་རང་སྐྱོང་ལ་དེ་རིང་ནས་ང་ལ་འདོད་པ་ཡོད་ཅེས་བརྡ་རྟགས་སྟོན་ཆེད་དུ་རེད། དེ་ཚོ་མ་འཐད་པ་དང་མ་དགའ་མཁན་ཚོར་ཁོང་རང་ཚོར་དགོས་པ་རྒྱུ་མཚན་དང་། དམིགས་ཡུལ་ལྟ་གྲུབ་ཡོད་ཀྱི་རེད། ཡང་ན་སྒེར་གྱི་མ་དགའ་ནའང་རེད། སྤྱི་ཚོགས་ནང་རྣམ་དཔྱོད་མ་འདྲ་ཡིན་ནའང་རེེད། དེ་ཚོ་ཁོང་ཚོས་ཐག་གཅོད་བྱེད་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་དེའི་སྐོར་ལ་མུ་མཐུད་དྲི་བར་ལན་འདེབས་གནང་དོན། ད་ལྟའི་ཆར་རྒྱ་དར་འཕྱར་བ་དེ་ནོར་འཁྲུལ་ཡིན་མིན་མ་འོངས་པར་ཉམས་ཞིབ་པས་ཐག་གཅོད་བྱེད་རྒྱུ་རེད་ལ། ཚང་མའི་ལས་ཀ་མཇུག་དེ་མ་འོངས་པར་ལོ་མང་པོ་ཞིག་གི་རྗེས་ནས་ཐག་བཅད་ཡོང་གི་རེད། རྒྱ་དར་ཁྱེར་རྒྱུར་སུ་ཞིག་གིས་བརྒྱུད་བསྐུལ་མེད་ལ། ང་རང་སྒེར་གྱི་ཐག་གཅོད་ཅིག་ཡིན། མི་སུ་ལ་ནག་ཉེས་མི་འཛུགས་རྒྱུ་གལ་ཆེན་པོ་རེད་ལ། མ་འོངས་པར་བོད་མི་ས་ཡང་དྲུག་གཉིད་སད་ཡོང་གི་རེད་ལ། ད་ལྟ་གཉིད་སད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་ཁོང་གིས་ལོ་སྔོན་མ་དྷ་སར་ལས་འགུལ་འགོ་བཙུགས་དུས་ནས་རྒྱ་དར་མ་འཕྱར་བ་དེ་མི་མང་གིས་གོ་རྟོགས་སད་མེད་པ་དང་། ལྡི་ལི་དེ་ས་ཚིགས་གལ་ཆེན་པས་དེར་འགོ་བཙུགས་པ་ཡིན། ༧གོང་ས་མཆོག་གི་ཕོ་བྲང་མདུན་ནས་མ་འཕྱར་བ་དེར་ཡང་རྒྱུ་མཚན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པ་སྐྱིད་སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས། ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་འགོ་འཛུགས་ཀྱིས། བོད་དོན་ཆེད་ཞི་བའི་གོ་བགྲོད་ཀྱིས་ཕ་ཡུལ་བོད་དུ་འགྲོ་འཆར་བྱས་ཏེ་རྒྱ་གར་དང་ བལ་ཡུལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་བཀག་འགོག་གིས་འགྲོ་བཅུག་མེད་པ་མ་ཟད། ཨ་མ་ལྡོམ་པ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཕྱིར་རྒྱ་གར་དུ་ཡོང་དགོས་ བྱུང་བ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེས་གསང་སྟབས་ཀྱིས་ས་མཚམས་བརྒལ་ཏེ་བསྐྱོད་སྐབས། བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་དགུའི་རིང་བཀག་ཉར་བྱས། ཉེ་ཆར་གློད་གྲོལ་ཐོབ་པ་དང་། ཁོང་གིས་མུ་མཐུད་ལས་འགུལ་སྤེལ་རྒྱུ་གསལ་བསྒྲགས་གནང་།