ཐོལ་བྱུང་གིས་བྲིས་པའི་བརྟན་བཞུགས་སེམས་ཕྲེང་དམར་པོ།
འོད་སྟོང་མུན་གླིང་འཁྱམས་པའི་འགྲོ་བ་ལ།།
འོད་སྣང་ཐབས་ཤེས་ཟུང་གི་སྤྱན་སྦྱིན་པོ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
མཉམ་ཆུང་འགྲོ་བ་སྐྱོབས་ལ་ཞབས་བརྟན་ཤོག།
ཟེར་ཙམ་ངེས་དོན་འདྲེན་པའི་སྙིགས་དུས་འགྲོས།།
ཟེར་མ་བསྟན་པའི་ཐིགས་པ་སྐྱུག་བའི་དུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
སངས་རྒྱས་བསྟན་པ་སྐྱོང་ལ་ཞབས་བརྟན་ཤོག།
བླ་སློབ་འབྲེལ་ཐག་ཐ་སྙད་རྒྱུད་ལ་གནས།།
བླ་སློབ་དམ་ཚིགས་ཉི་མ་རི་ལས་བརྒལ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
བླ་སློབ་དམ་ཚིགས་སྲུང་ལ་ཞབས་བརྟན་ཤོག།
མ་མེད་བུ་ཆུང་ཐང་དཀྱིལ་ལུས་པ་བཞིན།།
མ་ལུས་གངས་ཅན་བོད་མིའི་ཉམས་ཐག་དུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
གངས་ཅན་བོད་མིའི་མགོན་དུ་ཞབས་བརྟན་ཤོག།
བསྟན་འཛིན་རྒྱ་མཚོའི་གོ་ལ་གཅིག་འགྱུར་ཐུགས།།
བསྟན་པས་འགྲོ་བ་བྱམས་ཀྱིས་སྐྱོང་བའི་དུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
མགོན་པོ་དབུ་འོག་འདེགས་ལ་ཞབས་བརྟན་ཤོག།
འཛིན་མའི་སྣོད་བཅུད་སྣུམ་ཟད་མར་མེ་བཞིན།།
འཛིན་དཀའ་དུས་ཀྱིས་ལྕིབས་པའི་ཉག་ཕྲ་དུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
འཛིན་མའི་སྣོད་བཅུད་གཅེས་ལ་ཞབས་བརྟན་ཤོག།
ཡེ་ཤེས་སྤྱན་ཟུང་མངའ་བའི་སྐྱེས་བུའི་ཕྲེང་།།
ཡེ་ནས་ཕེབས་ཤིང་བསྟན་འགྲོ་སྐྱོང་ལ་བྲེལ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
གདུལ་བྱ་འགྲོ་དོན་ཕེབས་ལ་ཞབས་བརྟན་ཤོག།
ཤེས་ལྡན་འགྲོ་བས་ཆོས་དང་ཟང་ཟིང་གིས།།
ཤེས་མེད་སྐྱེ་འགྲོ་བྲན་དུ་བསྐོལ་བའི་དུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
ཤེས་རྨོངས་གདུལ་བྱ་འདྲེན་ལ་ཞབས་བརྟན་ཤོག།
རྒྱལ་བའི་བཀའ་བསྟན་གཞུང་ལུགས་མ་ལུས་པ།།
རྒྱལ་བའི་བཀའ་བཞིན་གཉེར་བའི་གདུལ་ཚོགས་ལ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
ཆོས་དང་ཟང་ཟིང་སྦྱིན་ལ་ཞབས་བརྟན་ཤོག།
མཚན་སྙན་འཇིག་རྟེན་གྲགས་ལ་རྩོད་པ་བྲལ།།
མཚན་ཉིད་དོན་གྱིས་ཕེབས་པའི་སྤྲུལ་བའི་སྐུ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
སྐུ་སྐྱེས་ཁྲི་ཕྲག་ཕེབས་ལ་ཞབས་བརྟན་ཤོག།
མཆོག་གསུམ་རྒྱལ་བའི་རྒྱ་མཚོའི་ཐུགས་ཀྱི་དགོངས།།
མཆོག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
བསྐལ་བ་ཇི་སྲིད་བར་དུ་ཞབས་བརྟན་ཤོག།
སྐུ་འཁོར་གདུལ་བྱས་ཡང་ཡང་བསྐུལ་བ་ལས།།
སྐུ་སྐྱེས་ཕྲེང་བ་བཅོ་ལྔ་གྲངས་ལ་བརྒྱུས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
སྐུ་འཁོར་གདུལ་བྱ་སྐྱོང་ལ་ཞབས་བརྟན་ཤོག།
ཚེ་རབས་བསགས་པའི་གདུལ་བའི་ལས་སྐལ་དུ།།
ཚེ་གཅིག་འདི་ལ་བླ་མ་ཁྱེད་ཉིད་མཇལ།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
གསེར་ཞལ་ངོམ་མེད་མཇལ་ལ་ཞབས་བརྟན་ཤོག།
ཁྲི་ཕྲག་དུས་ཀྱི་བསྐལ་བ་མ་སྟོང་བར།།
ཁྲི་འཕང་དྲུང་དུ་གསུང་གི་བདུད་རྩི་ཉིད།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
ངལ་མེད་འགྲོ་བར་བསྩལ་ལ་ཞབས་བརྟན་ཤོག།
ལོ་ཟླ་བཅུ་གཉིས་གཞན་དོན་ཁོ་ནའི་དོན།།
ལོ་རྒྱུས་རྡོ་རུ་བརྐོས་པའི་རྣམ་ཐར་ཅན།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
གཞན་ཕན་སེམས་ཕྲེང་སྤེལ་ལ་ཞབས་བརྟན་ཤོག།
བརྟན་པ་སྣོད་ཀྱི་འཇིག་རྟེན་ཟང་ཟིང་གཡོས།།
བརྟན་མེད་སེམས་ཀྱི་འཆར་སྒོ་རྣམ་རྟོག་ཁེངས།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
སྣོད་བཅུད་འཇིག་བྲལ་གནས་ལ་ཞབས་བརྟན་ཤོག།
པར་མའི་བཀའ་དགོངས་སྒྲུབ་ལ་ནུས་འཐུས་བྲལ།།
པར་བྱང་ངོས་འཛིན་མེད་པའི་གདུལ་བྱ་བདག།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
ཇི་སྲིད་གདུལ་བྱར་སྐྱོང་ལ་གསོལ་བ་འདེབས།།
ཤོག་བུ་དྭངས་གཙང་སེམས་ཀྱི་མཚོན་བྱེད་ཐོག།
ཤོག་གསུམ་གསོལ་འདེབས་སྨོན་ཚིག་བཀོད་པ་འདི།།
འོད་ཟེར་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་བརྟན་དུ་གསོལ།།
གདུལ་བྱ་ལས་དམན་པ་བྱ་ཁྲ་བསོད་ནམས་ནས་ཟོལ་མིན་དད་སེམས་ཆུང་ཆུང་ཞིག་གིས་སྨོན་ཚིག་ཏུ་སྦྱར་བའོ།།།།