མོན་གྷོ་ཌི་རུ་དྭངས་ཟུར་ཚོགས་པའི་དུས་དྲན།

ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དྭངས་ཟུར་ཚོགས་པ་དབུ་བརྙེས་ནས་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། དྭངས་ཟུར་ཚོགས་པ་སྐབས་ལྔ་པའི་རྒྱུན་ལས་གསར་རྙིང་བརྗེ་ལེན་གྱི་མཛད་སྒོ་ཞིག་མོན་གྷོར་འཚོགས་པ་ཡོད་པ་རེད།

དེ་ཡང་ཐོག་མར་བསངས་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་རྗེས་བོད་བསྟན་སྲིད་མི་རིགས་རིག་གཞུང་བཅས་ཀྱི་ཆེད་དུ་རང་ལུས་ཞུགས་འབུལ་གནང་མཁན་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མྱང་ངན་ངག་བཅད་སྐར་མ་གཅིག་བྱས་པ་དང་།   མོན་གྷོ་ས་གནས་དྭངས་ཟུར་ཚོགས་པའི་ཚོགས་གཙོ་ཡེ་ཤིས་འབྱུང་ནས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་སྐབས། ཚོགས་པ་འདི་ཐོག་མ་བཙུགས་དུས་ཆོལ་ཁ དང་ཆོས་བརྒྱུད་གཡེར་མེད་ཀྱི་ཐོག་ནས་བཙུགས་བཞག་པ་ཞིག་རེད་ལ།  ད་ལྟའི་བར་དུ་ཚོགས་པའི་ཐོག་མའི་དམིགས་ཡུལ་ནང་བཞིན་སྤྱི་ཚོགས་འདིའི་ནང་གི་མི་མང་དབྱེར་མེད་ཀྱི་རོགས་ཕན་གང་འགྲུབ་བྱས་ཡོད།  དེ་ཙམ་དུ་མ་ཟད།   ཉེ་འཁོར་གྱི་རྒྱ་གར་དཔོན་རིགས་ཁག་གདན་ཞུས་ཀྱིས་མཚོན་འབྲེལ་འདྲེས་དམ་ཟབ་བཟུང་ནས་དྭངས་ཟུར་ཚོགས་པ་འདིའི་དམིགས་ཡུལ་དང་འབྲེལ་བའི་ངོ་སྤྲོད་བྱས་འབྲས་ལ་བརྟེན་ནས།  ད་ཆ་ཉེ་འཁོར་རྒྱ་གར་ཡུལ་མི་དང་ང་ཚོ་མཐུན་ལམ་མཉམ་གནས་བྱེད་རྒྱུར་ཕན་འབྲས་གང་མཚམས་ཤིག་ཐོན་ཡོད། སྤྱི་ཚོགས་ནང་ཆགས་འཇོག་བྱེད་སའི་ཚོགས་པ་ཞིག་ཆགས་ཐུབ་པ་དེ་ཡང་།  རྒྱུན་ལས་སྐབས་དང་པོ་ནས་ད་དེ་ལྟ་བར་དུ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས།ཞ   ང་ཚོ་གཅིག་པུའི་ནུས་པ་ཐོན་བཞག་པ་དེ་འདྲ་གལ་མ་རེད།   སྤྱིར་བཏང་སོ་སོ་རང་ཉིད་ལ་མཚོན་ན་ལོ་གཅིག་རིང་གཟའ་ཉི་མར་ཡང་གུང་སེང་གཏོང་མྱོང་མེད་ལ།   ལོ་གསུམ་རིང་གླ་མེད་ཐོག་ནས་ཞབས་ཞུ་ཞུས་པ་ཡིན།   དེ་ཚོ་ཡོས་བཤད་པ་དེ་འདྲ་མིན་ལ།   རྗེས་ཕྱོགས་ཚོགས་གཙོ་མཚོན་རྒྱུན་ལས་རྣམས་པའི་ཕྱག་ལས་དེ་ལྟར་གནང་རོགས་ཅེས་ལབ་པ་ཡང་གཏན་ནས་མིན།     ཡིན་ན་ཡང་འབྱུང་འགྱུར་ཡང་སྐབས་ལྔ་བའི་རྒྱུན་ལས་ཐུན་མོང་གིས་མཉམ་རུབ་ཐོག་ནས་ཚོགས་པ་འདིའི་ཐོག་མའི་དམིགས་ཡུལ་མ་བརླགས་པ་ཞིག་བྱེད་རྒྱུར་ཡིད་ཆེས་ཡོད་ལ།  དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

དེ་རྗེས་སྐབས་ལྔ་བའི་མོན་གྷོ་ས་གནས་ཀྱི་དྭངས་ཟུར་རྒྱུན་ལས་གཞིས་གྲོང་ཁག་དགུ་ནས་མི་དགུ་འོས་ཐོན་བྱུང་ཡོད་པའི་ཁྲོད་ནས་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་འོས་འདེམས་གནང་སོང་།

མོན་གྷོ་གསར་འགོད་པས།