རང་ལུས་མེར་སྲེག་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་དཔེ་དེབ།
ཟླ་འདིའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་བོད་ཀྱི་རང་ལུས་མེར་སྲེག་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་དཔེ་དེབ་ཅིག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།
དཔེ་དེབ་དེ་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་བསྡུ་སྒྲིག་བྱས་ཏེ། པར་སྐྲུན་བྱས་པ་ཞིག་ཡིན་པ་དང་། ལོ་རྒྱུས་ཡིག་ཚགས་དཔེ་དེབ་རྒྱ་བོད་དབྱིན་ཡིག་ཐོག་པར་སྐྲུན་བྱས་ཡོད་པ་རེད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་དང་། ༡༩༩༨ ལོར་སྐུ་ཞབས་ཐུབ་བསྟན་དངོས་གྲུབ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་སྟེ། བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱེད་མཁན་ཚོ་ངོ་སྤྲོད་དང་། དེ་བཞིན་ཆབ་སྲིད་དང་འབྲེལ་བའི་ཉེས་མིང་འོག་བོད་མི་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་གནས་ཚུལ་དང་། རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་གནས་ཚུལ། བཙན་བྱོལ་ནང་བོད་དོན་ལས་འགུལ་སྤེལ་བ་དང་། གཞུང་འབྲེལ་བསྒྲགས་གཏམ། བོད་དོན་ལས་འགུལ་དང་འབྲེལ་བའི་རྩོམ་ཡིག་དང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་ལས་འགུལ་སྤེལ་བ་དང་གཏམ་བཤད་བྱས་པ་ཁག་སོགས་འཁོད་པའི་དབྱིན་ཡིག་དེབ་གཅིག་དང་། རྒྱ་ཡིག་དེབ་གཅིག བོད་ཡིག་དེབ་གསུམ་བཅས་ཡོད་པ་རེད།
དེ་ནས་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སྐབས།
“སྤྱིར་བཏང་ད་ལྟའི་ཆར་ང་ཚོ་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཐོག་གནས་ཡོད། དེར་བརྟེན་ང་ཚོས་འདས་པའི་ལོ་རྒྱུས་ནང་གང་ཞིག་བྱུང་ཡོད་པ་དང་འབྱུང་འགྱུར་བསམ་བློ་གཏོང་རྒྱུ་ག་རེ་འདུག དེ་ལྟ་བུའི་ཐོག་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གཙོ་འགན་ཁུར་ཐོག་རང་ལུས་མེར་སྲེག་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་ཀྱི་དཔེ་དེབ་བོད་ཡིག་ཐོག་གསུམ་དང་། དབྱིན་ཡིག་ཐོག་གཅིག དེ་བཞིན་རྒྱ་ཡིག་ཐོག་གཅིག་བཅས་པར་སྐྲུན་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་”གསུངས་སོང་།
ཁོང་གིས་རྒྱ་ནག་གིས་བོད་དྲག་གནོན་ཡོད་སྐོར་གསུངས་དོན། “རྒྱ་ནག་གཞུང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྩད་གཅོད་བྱ་རྒྱུ་ལས་ལྡོག་སྟེ། དེར་གདོང་ལེན་ཆེད་དྲག་ཆས་དམག་གི་ཁ་གཏད་དུ་ལངས་བཅུག་གི་ཡོད། རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེའི་ཐོག་འགྲེལ་ལོག་མང་དག་ཅིག་བརྒྱབ་དང་རྒྱག་བཞིན་འདུག ང་ཚོ་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་ཁོང་རྣམ་པས་བློས་གཏོང་གནང་བར་གདུང་སེམས་མཉམ་བསྐྱེས་ཞུ་ཡི་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་ཐོག་གསལ་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།”སོགས་བོད་ཀྱི་གནས་བབས་སྐོར་གསུང་བཤད་གནང་ཡོད་པ་རེད།
དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་དཔེ་དེབ་པར་སྐྲུན་གནང་བར་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་གིས་གསུངས་དོན། “བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བསྡད་པ་ལས་འཆི་ན་དགའ་བསམ་པའི་གནས་སྟངས་ཆགས་ཡོད། བོད་ནང་གི་བོད་མི་ཚོར་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་སོགས་ཤོད་ཡུལ་རྩ་བ་ནས་མེད་སྟབས། འུ་ཐུག་ཐབས་ཟད་ཀྱི་ལམ་ནས་བོད་མི་རྒྱལ་གཅེས་པ་ ༡༠༧ ནས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་གྱིས་ལོ་དྲུག་ཅུ་ལྷག་ཙམ་རིང་དྲག་གནོན་བྱས་པ་མ་ཟད། བོད་མི་རིགས་རིག་གཞུང་དང་བཅས་པར་རྩ་མེད་གཏོང་སླད་གདུག་རྩུབ་ཅན་གྱི་སྲིད་བྱུས་བཟུང་དང་འཛིན་བཞིན་ཡོད་”ཅེས་སོགས་གསུངས་ཡོད་པ་རེད།
དེབ་དེའི་ནང་༡༩༩༨.༤.༢༧ ནས་༢༠༡༢.༩.༢ བར་བྱུང་བའི་རང་ལུས་མེ་སྲེག་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ལོ་རྒྱུས་གང་རྙེད་ཆ་ཚང་བ་དུས་ཚོད་ཀྱི་གོ་རིམ་བཞིན་གནས་ཚུལ་དངོས་གཞིའི་ཚུལ་དུ་བཀོད་ཡོད་པ་དང། དེ་མཚུངས་སུ་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༦ ནས་ཕྱི་ལོ་༢༠༡༢ ཟླ་༩ ཚེས་༢ བར་དུ་རྒྱ་གཞུང་གིས་བོད་མི་མང་པོ་ཞིག་དམར་གསོད་བྱས་པའི་གནས་ཚུལ་དང་། གཞིས་ལུས་བོད་མི་མང་པོས་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་ཇུས་འོག་ནས་བཟོད་ཐབས་བྲལ་ཏེ་རང་ཤི་བརྒྱབ་པ། དེ་བཞིན་བོད་མི་ཧ་ཅང་མང་པོ་ཞིག་ལ་བློ་ཡུལ་ལས་འདས་པའི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་པ། དགོན་སྡེ་དང་གྲོང་སྡེ་མང་པོ་ཞིག་ལ་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པས་གཙོ་བོའི་འགན་ཁུར་ཏེ་དམ་དྲག་བཀག་སྡོམ་འོག་ཁྲིམས་ལུགས་སློབ་གསོ་ཟེར་བའི་ལས་འགུལ་རབ་དང་རིམ་པར་སྤེལ་བའི་གནས་ཚུལ་ཁག་སོགས་དང་། དེ་དག་ལ་སྙིང་སྟོབས་ཞིམ་པ་མེད་པའི་རྒྱ་ཆེའི་བོད་མི་མང་གིས་དུས་ནས་དུས་སུ་ཞི་བའི་སྒོ་ནས་ངོ་རྒོལ་ཇི་རྙེད་ཅིག་བྱུང་བ་འདི་ནས་ལག་སོན་བྱུང་བ་ཐམས་ཅད་དུས་ཚོད་ཀྱི་མཚམས་འཛིན་ལྟ་བུར་གང་རྒྱས་རྒྱས་སུ་བཀོད་ཡོད་པ་རེད།
རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་འཕྲལ་རྒྱ་གར་གཙོས་པའི་རང་དབང་ལུང་བར་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སུ་ཞིག་གིས་བོད་དོན་གྱི་ལས་འགུལ་ཅི་སྤེལ་འདི་ནས་ལག་སོན་བྱུང་ཚད་ཡིག་ནོར་དང་བཏགས་ནོར་རེ་ཟུང་ལས་གཞན་ཁུངས་དང་བཅས་ཏེ་བཟོ་བཅོས་སྣོན་ཕྲི་གང་ཡང་མེད་པར་བཀོད་ཡོད་ཅེས་དེབ་དེ་སྒྲིག་སྦྱོར་བས་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་གི་རྒྱབ་སྐྱོར་གྱི་གཞུང་འབྲེལ་བསྒྲགས་གཏམ་དང་གྲོས་ཆོད་ཁག གཞན་ཡང་གལ་ཆེའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དང་དཔྱད་གཏམ་རྩོམ་ཡིག་གང་རྙེད། གོང་གསལ་དུས་ཚོད་ཀྱི་རྗེས་སུ་བྱུང་བའི་རང་ལུས་མེ་སྲེག་གི་དོན་རྐྱེན་ཁག་ཟུར་བཀོད་བྱས་ཡོད་འགྲེལ་བརྗོད་བྱས་འདུག །