ཆང་ས་ཞེས་པའི་བོད་ཡིག་གི་ལོ་དེབ་གསར་པ་ཞིག་པར་སྐྲུན།

changsa2_2013_3_3ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་“ཆང་ས་”ཞེས་པའི་ལོ་དེབ་གསར་པ་ཞིག་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་དྷ་སར་འཚོགས་སོང་ལ། དེབ་དེ་ནི་བོད་ཡིག་ཐོག་ཕོ་མོ་གཉེན་སྒྲིག་སྐོར་གྱི་ལོ་དེབ་ཐོག་མ་དེ་ཡིན་འདུག

ཉིན་དེའི་སྐུ་མགྲོན་རྩོམ་པ་པོ་ཤེས་རབ་དར་རྒྱུས་ཀྱིས་དེབ་དེའི་སྐོར་ལ་གསུངས་དོན། changsa_2013_3_3“བོད་པའི་སྤྱི་ཚོགས་ནང་དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་ཞེས་གཉིས་བཤད་ཀྱི་ཡོད་པ་རེད། དམ་པའི་ལྷ་ཆོས་སྐོར་ལ་དཔེ་དེབ་རིགས་གཞན་ལ་སྨོན་མི་དགོས་པར་མང་པོ་ཡོད་པ་རེད། ཡིན་ནའང་འཇིག་རྟེན་མི་ཆོས་ཟེར་ནའང་རེད། མི་སྐྱའི་སྐོར་ལ་དེབ་དེ་འདྲ་མེད་པ་ལྟ་བུའི་སྐབས་འདིར་བོད་ཡིག་གི་ཆང་ས་དྲ་བ་དང་། དུས་དེབ་འདི་ཚོ་བཏོན་པ་རླབས་ཆེན་རེད། བོད་ཡིག་ལ་སྟོང་ཆ་མང་པོ་ཡོད་པའི་ནང་སྟོང་ཆ་ཞིག་བསྐོང་ཐུབ་པ་རེད་”ཅེས་དང་། ཁོང་གིས་བོད་པའི་སྤྱི་ཚོགས་ནང་གསར་པ་ཞིག་སླེབས་པ་ལ་ངོས་ལེན་ཐུབ་ཀྱི་མེད་སྐོར་གསུངས་དོན། “བོད་པའི་གཤིས་ཀའི་ནང་དུ་གསར་པ་ཞིག་སླེབས་སྐབས་དང་ལེན་བྱེད་མི་ཐུབ་པ་དང་། དེར་མི་དགའ་བའི་རྣམ་འགྱུར་སྟོན་ཀྱི་ཡོད་པ་རེད། ལྷ་ཆོས་ཀྱི་ཕྱོགས་ནས་གོམས་གཤིས་ཆེན་པོ་ཡོད་པས། མི་སྐྱའི་འཚོ་བ་དང་འབྲེལ་བའི་སྐོར་བཤད་སྐབས་ཚོར་བ་སྣོན་པོའི་བཀག་རྒྱ་ཞིག་ཡོད་པ་རེད། ཡིན་ཡང་རིམ་པས་ཆུང་ས་ནས་ཆེར་སར་ཡོང་སྐབས་ལམ་ཀ་ཞིག་ཡོང་གི་རེད་ལ། རྗེས་མ་ཡང་འདི་ལྟ་བུ་གང་མང་མང་ཡོང་ཐུབ་ན། བོད་ཡིག་གི་སྟོང་ཆ་ཚང་མ་བསྐོང་ཐུབ་པའི་རེ་བ་ཡོད་པ་རེད་”ཅེས་གསུངས་སོང་།

changsa1_2013_3_3དེབ་དེ་འདྲ་ཞིག་འདོན་དགོས་དོན་སྐོར་རྩོམ་སྒྲིག་པ་ཨ་རིག་འགྱུར་མེད་ཀྱིས་གསུངས་དོན། “དེབ་འདི་འདོན་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། བོད་ཡིག་དེབ་ཚང་མའི་ནང་ཆོས་ལུགས་བཤད་པ་དང་། ཡང་ན་ཆབ་སྲིད་བཤད་པ། ཡང་ན་སྙན་ངག་ཅིག་བཤད་བསྡད་ཡོད་པས། གཞུང་ལམ་ལྟ་བུ་ཆེན་པོ་ཁ་ཤས་ཤིག་གི་ནང་བརྒྱུགས་བསྡད་ཡོད་པ་རེད། མི་མ་འདྲ་བ་ལ་སེམས་ཁམས་མ་འདྲ་བ་ཡོད་པས། བོད་ཡིག་གི་དེབ་ཡང་སྣ་མང་རང་བཞིན་ཅན་ཞིག་ཡོང་བའི་ཆེད་དུ་ཡིན་”ཞེས་བོད་ཡིག་དེབ་རིགས་འདྲ་མིན་ཀློག་རྒྱུ་ཡོད་ན། བོད་ཡིག་དར་སྤེལ་གཏོང་ཐུབ་ཀྱི་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་མི་རིགས་འདི་གྲངས་ཉུང་ཆགས་ཀྱི་ཡོད་པ་དང་། བཙན་བྱོལ་ནང་ནས་མི་འབོར་ཞིབ་བཤེར་སྐབས་མི་ཉུང་དུ་སོང་ཡོད་པ་གསལ་པོ་ཆགས་ཡོད་སྐོར་དང་། བོད་ནང་རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་རྒྱུ་བཀག་འགོག་ཡོད་པས།  བོད་མི་རིགས་ནང་ཁུལ་དུ་གཉེན་སྒྲིག་ཡོང་ཐབས་དང་། དེ་བཞིན་ད་ལྟ་གཉན་ནད་རག་དུག་སྔོན་འགོག་གི་སྐོར་ལ་གོ་རྟོགས་སྤེལ་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཆང་ས་དྲ་རྒྱ་དང་ལོ་དེབ་ཐོག་ཕོ་མོ་ཕན་ཚུན་གཉེན་སྒྲིག་གི་འབྲེལ་ལམ་བྱེད་ས་དང་། བཟའ་ཚང་གི་འཚོ་བའི་རྒྱུན་ཤེས། བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ། དེའི་སྐོར་ལ་བསམ་ཚུལ་རྩོམ་ཡིག་དང་བཅར་འདྲི་སོགས་འགོད་ཀྱི་ཡོད་པ་རེད། ཆང་ས་དྲ་རྒྱ་ནི་ཕན་ཚུན་གཉེན་སྒྲིག་བྱེད་མིན་སྐོར་ལ་འབྲེལ་བ་བྱེད་ས་ཡིན་པས། ཕན་ཚུན་ངོ་སྤྲོད་བྱེད་རྒྱུ་ལས། གཉེན་སྒྲིག་བྱེད་མིན་དང་། མིའི་ཚེ་སྐོར་ལ་རྩོམ་སྒྲིག་པས་འགན་ཁུར་གང་ཡང་བྱེད་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་སོང་།།

http://www.changsa.net/index.php/2011-07-21-23-17-13/2011-08-31-03-23-45/1192-2013-02-21-18-44-23