རྒྱ་གཞུང་གི་དར་དམར་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆར་ངོས་ལེན་མེད།
ཟླ་༣ ཚེས་༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་མཉམ་འབྲེལ་གྱི་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་གྲ་སྒྲིག་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
སྐབས་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། རྒྱུན་སྲོལ་ལྟར་ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་འདི་ལོར་ཡང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གོ་སྒྲིག་ཞུ་བཞིན་ཡོད་ལ། གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་སར་ཞོགས་པའི་གཞུང་འབྲེལ་མཛད་སྒོ་གྲུབ་མཚམས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཨའི་ཇིའི་པིའི་(AGP)ཉེ་འགྲམ་ཉེན་རྟོག་པའི་ཐང་ཆེན་(NEAR POLICE GROUND)བར་རྔམ་སྟོན་ཁྲོམ་སྐོར་བྱ་གཏན་འཁེལ་བ་དང་། དེ་འབྲེལ་གྱི་ས་གནས་སྐོར་སྲུང་བའི་ཆོག་མཆན་སོགས་ཀྱི་ལས་དོན་རྣམས་ཡོངས་སུ་གྲུབ་ཡོད།
ཟླ་གསུམ་པའི་ཚེས་བཅུ་ཉིན་ནི། ཕྱི་ལོ་༡༩༥༩ རྒྱལ་ས་ལྷ་སར་བོད་མི་ཁྲི་ཚོ་མང་པོས་གཅེས་སྲོག་འབེན་ལ་བཙུགས་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གནང་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་ཡིན་པ་མ་ཟད། འདི་ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་མི་ལོ་བརྒྱ་ཧྲིལ་པོ་འཁོར་བའི་ལོ་དུས་ཁྱད་པར་བ་དང་། ཡང་ལོ་ཤས་གོང་ནས་བོད་ཕྱི་ནང་གཉིས་སུ་རྒྱ་གཞུང་གི་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་བསྟུད་མར་བྱུང་ཞིང་། ད་ལོ་གྲངས་ཚད་བརྒྱ་ཁར་བུད་པའི་ཛ་དྲག་གནས་སྟངས་འོག་ལྷགས་པ། དེ་བཞིན་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་ཁ་ཐུག་འདིར། རྒྱ་ནག་གཞུང་གིས་ཚོགས་ཆེན་གཉིས་ཟེར་བ་འཚོགས་ནས་འགོ་འཁྲིད་གསར་རྙིང་འཕོ་འགྱུར་འགྲོ་བཞིན་པའི་དུས་ཚོད་ལའང་འཁེལ་ཡོད། དེར་བརྟེན་ངེད་ཚོགས་པ་ཁག་ལྔས་འདི་ལོའི་གསུམ་བཅུའི་དུས་དྲན་རྔམ་བརྗིད་ལྡན་པ་ཞིག་གོ་སྒྲིག་བྱ་གཏན་འཁེལ་བ་དང་། དེ་འབྲེལ་གྱི་ལས་རིམ་ཁག་ནི།
ཉིན་མོ་འདིར་རྒྱལ་སྤྱིའི་ཐོག་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་སུམ་ཅུ་ལྷག་གི་ནང་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་དང་། བཞུགས་སྒར་རྡ་སར་མཚོན་ན་ཞོགས་པར་གཙུག་ལག་ཁང་ནས་མཛད་སྒོ་གྲུབ་མཚམས་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་དེ་མུར་འགོ་འཛུགས་རྒྱུ་དང་། ཁྲོམ་སྐོར་གྱི་མཐའ་མའི་ས་ཚིགས་ནི་ཀཱ་ཅ་རིའི་ཉེན་རྟོག་ཐང་ཆེན་དུ་འཛོམས་དགོས་ཤིང་། དེར་ཆེད་དུ་སྡིངས་ཆ་བརྒྱབས་ནས་གནད་ཡོད་མི་སྣའི་གཏམ་བཤད་ཀྱི་རིམ་པ་དང་། མིང་རྟགས་བསྡུ་རུབ། གཞས་མ་གཏམ་འཁྲབ་སྟོན། ཚོགས་པ་ཁག་ཐུན་མོང་གིས་བསྒྲགས་གཏམ་སྤེལ་རྒྱུ་བཅས་ལས་རིམ་བང་བསྒྲིགས་ཡོད། ཉིན་དེར་གྲྭ་བཙུན་དང་། སྒྲིག་ཁོངས་སློབ་མ་སོགས་ཕྱི་ནང་མི་རིགས་ཚང་མས་མགོ་རས་ནག་པོ་དཀྲིས་རྒྱུ་དང་། འདི་ནས་གཅིག་གྱུར་ཐོག་གོ་སྒྲིག་བྱས་པའི་འཕྲེད་དར་སོགས་བསྣམས་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་ཤིང་། ཡང་ཁྲོམ་སྐོར་ནང་འཛུལ་ཞུགས་བྱ་མཁན་རྣམས་ཀྱིས་སྦག་སྦག་དང་རླངས་འཁོར་སོགས་བཏང་ནས་འཚུབ་སློང་མི་ཆོག་ཁར། བར་ལམ་འུར་འགོ་སློང་བཞིན་པ་ལྟར་ཉིན་དེར་སྤྱི་སྒེར་སུ་རུང་གིས་རྒྱ་དམར་གཞུང་གི་རྒྱལ་དར་འཕྱར་ཏེ་འདི་གའི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་བྱུང་ཚེ། དེར་སྤྱི་ཚོགས་ནང་གླེང་རྙོག་གང་ཡོང་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་འགན་བློས་བཟོད་ཐབས་མེད་པ་ནན་བརྗོད་དང་། བོད་ནང་སྲོག་འབེན་ལ་བཙུགས་ནས་རྒྱ་དར་མར་འཕབ་བཞིན་པའི་སྐབས་སུ། བཙན་བྱོལ་ནང་རང་རིགས་སྤྱི་སྒེར་སུ་རུང་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན།
ཡང་གསུམ་བཅུའི་དུས་དྲན་གྱི་སྐབས་དེར། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་ཆེན་གཉིས་ཟེར་བ་འཚོག་བཞིན་པའི་ཐོག་ཆེད་མངགས་བཅར་བའི་ཕྱི་ནང་གི་གསར་འགོད་པ་ཁག་གིས་གོ་སྐབས་དེ་བཟུང་ནས། བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བརྡ་འདེད་འདྲི་ཞིབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ཁྱད་པར་དུ་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་སྐབས་སུ། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ལས་དོན་མཐའ་དག་ལ་བབ་གཟིགས་གང་གཟབ་གནང་རྒྱུར་ང་ཚོས་རེ་སྐུལ་ཞུ་བཞིན་ཡོད།
མཐའ་དོན། བོད་ཀྱི་འཐབ་རྩོད་ལ་བོད་མི་རང་ཉིད་ཀྱིས་འགན་འཁྱེར་དགོས་པའི་འགན་འཁྲིའི་བསམ་བློ་ཡོད་དགོས་པ་དང་། འཐབ་རྩོད་ཀྱི་རིན་ཐང་ཤེས་པའི་ཐོག་ནས། གསུམ་བཅུའི་དུས་དྲན་ཉིན་ཡུལ་ཕྱོགས་གང་དུ་གནས་འཆའ་བའི་བོད་མི་ཡིན་ནོ་ཅོག་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དགོས་པ་ནི། ང་ཚོའི་ཐུན་མོང་སྟོབས་ཤུགས་ཀྱི་རྨང་གཞི་དང་། འཐབ་རྩོད་གསོན་གནས་ཀྱི་དགོས་མཁོ་གཙོ་བོ་དེ་ཡིན་པར་བརྟེན། ངེད་ཅག་གི་གལ་ཆེའི་བརྡ་སྦྱོར་འདི་བཞིན་བརྒྱུད་ལམ་ཁག་གིས་དུས་ཐོག་དྲིལ་བསྒྲགས་གནང་རྒྱུ་དང་། མང་ཚོགས་ནང་གཅིག་ལག་གཉིས་བརྒྱུད་ཀྱིས་ཁྱབ་སྤེལ་ཐུབ་པ་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཡིན་པ་རེད།།