བདག་ཁྲི་རིན་པོ་ཆེ་སུད་སིར་ཆིབས་བསྒྱུར།
ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཞོགས་པ་ཆུ་ཚོད་༨ ཀྱི་ཐོག་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སྔ་འགྱུར་རིག་འཛིན་འདུས་སྡེ་ནས་ཆེད་དུ་གདན་འདྲེན་ཞུས་པ་བཞིན། སུད་སི་ཇི་ནི་ཝ་གནམ་ཐང་དུ་ཞབས་སོར་འཁོད་པ་དང།
ཐད་འཕུར་གནམ་གྲུ་བརྒྱུད་སུད་སིའི་གྲོང་ཁྱེར་ལོ་ཟན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནམ་མཁའ་རིན་པོ་ཆེའི་ཆོས་ཚོགས་རིག་འཛིན་ཐེག་མཆོག་གླིང་དུ་ཕྱི་གླིང་པ་དང་བོད་རིགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་འབྲེལ་ཞབས་སོར་འཁོད་ཡོད་པ་རེད། ཐོག་མར་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་གོང་མ་བདག་ཁྲི་རིན་པོ་ཆེ་ཆོས་ཚོགས་སུ་ཆིབས་བསྒྱུར་བརྐྱངས་པར་བཀའ་དྲིན་ཆེ་ཞེས་གསུངས་པའི་རྗེས་སུ། བདག་ཁྲི་རིན་པོ་ཆེ་མཆོག་གིས་བདེ་སྐྱིད་ཅེས་པ་ནང་སེམས་ནས་འཚོལ་དགོས་པ་ལས། ཕྱི་དངོས་པོའི་ཐོག་ནས་འཚོལ་ཐབས་མེད་ཚུལ་སོགས་བཀའ་སློབ་ཆུ་ཚོད་ཕྱེད་ཙམ་རིང་གནང་བ་དང། ཕྱི་ཚེས་༦ ཉིན་ཨ་པང་གཏེར་སྟོན་ཨོ་རྒྱན་ཕྲིན་ལས་གླིང་པའི་གཏེར་བྱོན་ཚིགས་བདུན་གསོལ་འདེབས་ཀྱི་ཁྲིད་དང། དབང་བཅས་གནང་ཡོད་པ་དང་ཕྱི་ཚེས་༧ ཉིན་ཕུར་པའི་དབང་གནང་རྒྱུ་སོགས་ཟླ་འདིའི་ཚེས་༡༡ གི་བར་དུ་ཆོས་ཚོགས་དེར་བཞུགས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་རེད།།