ཡུ་རོབ་བོད་མིའི་ཚོགས་པ་ཁག་གིས་རྒྱ་ནག་ལ་འབོད་སྐུལ།
ཡུ་རོབ་ནང་གནས་སྡོད་བྱེད་པའི་བོད་མིའི་ཚོགས་པ་ཁག་ཡོངས་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིང་ཕིན་ལ། རྒྱ་ནག་གཞུང་གིས་ད་དབར་བོད་ཐོག་ལ་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་སྒྱུར་བཅོས་དང་གདུག་རྩུབ་ཅན་གྱི་དྲག་གནོད་མཚམས་སྦྱོར་བྱེད་དགོས་པའི་དོན་མཚན་ལྔ་ཅན་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༣ ནས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཐེངས་དང་པོ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པ་དེ། རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེའི་ནང་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་ལས་གནས་ཡང་དངོས་སུ་བརྗེ་སྤོར་བྱེད་པའི་དུས་ཚོད་ཅིག་ལ་འཁེལ་ཡོད་པས། རྒྱ་ནག་གི་འགོ་ཁྲིད་གསར་པ་བརྗེ་སྤོར་བྱེད་པའི་དུས་ཚོད་དེ་དང་བསྟུན་ནས་་ཡུ་རབ་ཏུ་གནས་བསྡོད་བྱེད་པའི་བོད་པའི་ཚོགས་ཁག་ཡོངས་ཀྱིས་མཉམ་རུབ་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིན་ཕིན་ལ་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་དང་གདུག་རྩུབ་ཅན་གྱི་དྲག་གནོད་ལ་མཚམས་དགོས་པའི་དོན་མཚན་ལྔ་ཅན་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།
དོན་ཚོད་དང་། རྒྱ་ནག་གཞུང་གིས་བོད་མི་མང་གནས་བསྡོད་ཀྱི་ས་ཁུལ་ལ་དཔལ་འབྱོར་ཡར་རྒྱས་གཅིག་པུ་མ་ཡིན་པར། བོད་མི་རིགས་ཀྱི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་རྒྱ་ནག་རང་གི་རྩ་ཁྲིམས་ནང་ལ་འཁོད་ཡོད་པ་བཞིན་བརྩི་བཀུར་ཞུ་རོགས།
གཉིས་པ། བོད་ནང་ལ་རྒྱ་ནག་ཡུལ་མི་གནས་སྤོས་དང་དམག་དཔུང་བཅའ་སྡོད་བྱེད་རྒྱུ་འཚམས་འཇོག་དགོས།
གསུམ་པ། རྒྱ་གཞུང་ནས་བོད་མི་མང་གིས་དགོས་འདུན་བཏོན་པ་བཞིན་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་གཞི་རྩའི་ཐོབ་ཐང་རྣམས་སྤྲད་རྒྱུ་དང་། བོད་ཀྱི་དཀའ་ངལ་ཡོངས་ས་གཙོ་བོ་ནས་གཞི་རྩའི་ཐོབ་ཐང་དེ་ཚོ་མེད་པས་རྐྱེན་གྱིས་རེད།
བཞི་པ། རྒྱ་ནག་གིས་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་མི་རིགས་རང་སྐྱོང་གི་ཐོབ་ཐང་སྤྲད་དགོས།
ལྔ་པ། བོད་ཀྱི་དཀའ་རྙོག་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པ་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིིད་༧གོང་ས་མཆོག་དང་། ཡང་ན་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་མཉམ་དུ་ཞི་བའི་གྲོས་མོལ་ལམ་ནས་བོད་དོན་གསལ་ཐབ་བྱེད་དགོས།