དྷ་སར་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་ཐབས་བྱས་འདུག
ཟླ་འདིའི་ཚེས་༡༠ ཉིན་དྷ་སར་མི་མང་གིས་དྷ་ས་མེག་གྷན་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། སྐབས་དེར་དྷ་སར་གནས་སྡོད་བྱེད་མཁན་ཟླ་བ་དོན་གྲུབ་ཅེས་པ་ཞིག་གིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གཏོང་ཐབས་བྱས་ཀྱང་། མི་མང་གིས་མཐོང་ནས་བཀག་འགོག་བྱས་ཡོད་འདུག
མི་མང་གིས་ཁྲོམ་སྐོར་བྱས་ཏེ་དྷ་ཤོད་ཁྲིམས་ཁང་དུ་སླེབས་སྐབས། ཆུ་ཚོད་༡༡ ཙམ་ལ་ཟླ་བ་དོན་གྲུབ་ཀྱིས་ལུས་ལ་ས་སྣུབ་བླུགས་སྟེ། རང་ལུས་མེར་སྲེག་གཏོང་ཐབས་བྱེད་སྐབས་མི་གིས་མཐོང་ནས་བཀག་འགོག་བྱས་ཡོད་འདུག ཁོང་གིས་ཁ་ཆེམས་ཡི་གེི་ཞིག་ཀྱང་བཞག་ཡོད་པ་མ་ཟད། སྐབས་དེར་དུག་འཐུང་རྒྱུ་ཁྱེར་ཡོད་འདུག་ཀྱང་དེ་ཡང་འཐུང་མ་ཐུབ་པར་མི་མང་གིས་བཀག་སྟེ། ས་གནས་ཉེན་རྟོག་པས་སྨན་ཁང་དུ་ཁྲིད་དེ་གཟུགས་པོ་བརྟག་དཔྱད་བྱས་ཡོད་པ་རེད།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་སྨན་ཁང་དུ་བསྐྱོད་ནས་ཁོང་ལ་བཅར་འདྲི་ཞུས་པར། ཁོང་གིས་རང་ལུས་མེར་སྲེག་གཏོང་དགོས་དོན་བོད་རང་དབང་གི་ཆེད་དུ་ཡིན། བོད་མི་ཚོས་ནུས་པ་འདོན་པའི་ཚོད་རེད་ཅེས་འགྲེལ་བརྗོད་བྱས་འདུག
ཁོང་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་རྗེས། དྷ་སའི་ཉེ་འཁྲིས་ཀྱི་སོག་སྒར་སློབ་གྲྭར་སོང་ཡོད་པ་རེད། ད་ལྟ་དྷ་སར་གནས་སྡོད་བྱས་ཡོད་པ་དང། རང་ལོ་༣༠ ཡིན་འདུག རང་ལུས་མེར་སྲེག་གཏོང་ཐབས་བྱས་པར་བརྟེན། རྒྱ་གར་གྱི་ཁྲིམས་ཐོག་ཏུ་འགྲོ་དགོས་ཀྱི་ཡོད་པས། དྷ་ས་ས་གནས་གཞོན་ལྷན་གྱི་ངོས་གནས་རོགས་པ་བྱེད་ཀྱི་ཡོད་ཅེས་ས་གནས་རྒྱུན་ལས་རྩོམ་པ་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་འགྲེལ་བརྗོད་གནང་སོང་།
ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁ་སང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཞིག་བོར་བརླག་སོང་བ་དང་། རྩད་གཅོད་བྱེད་སྐབས་ཁོང་གིས་ས་སྣུམ་རག་ཐབས་བྱས་སྐོར་དང་། དེ་རྗེས་ལྡི་ལིར་སོང་ཡོད་པ་ཤེས་རྟོགས་བྱུང་འདུག དེ་ནས་ལྡི་ལིར་དེ་རིང་ཞོགས་པ་མི་ཁག་ཅིག་གིས་དྷ་ས་ནས་ཡོང་བའི་སྤྱི་སྤྱོད་རླངས་འཁོར་བསྒུག་ནས་བསྡད་པར་ཁོང་ལ་ཐུག་ཡོད་འདུག དེ་ནས་ཁོང་གི་རྒྱབ་ཁུག་ཏུ་ས་སྣུམ་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་འདུག །