ཀིརྟི་དགོན་པའི་གྲྭ་ཚེ་དཔག་འཇུ་བཟུང་།
ཟླ་འདིའི་ཚེས་ ༡༢ ཉིན་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་༩ ་ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་གྲྭ་ཚེ་དཔག་གིས་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་བའི་ནང་སྲིང་མོ་ནད་པ་ཞིག་ཡོད་པ་དེར་ནད་གཡོགས་བྱས་ནས་ཡོད་སྐབས། རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་ལ་ཉེས་འཛུགས་ག་རེ་བྱེད་བཞིན་ཡོད་མེད་དང་གར་ཡོད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད་པ་རེད།
གྲྭ་ཚེ་དཔག་ནི་རང་ལོ་ ༢༩ ཕ་མིང་ལ། དོན་འགྲུབ ། (གྲོངས་ཟིན)མ་མིང་ལ་དོན་དེ་ཟེར། ཁོང་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་སྐབས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭར་སླེབས་ཡོད་འདུག དེ་སྔོན་ཁོང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་ཟུར་སྦྱོང་བྱས་ནས་ཡོད་སྐབས་སྟེ། ཕྱི་ལོ་༢༠༡༡ ་ལོའི་ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང༌། འཛིན་བཟུང་གིས་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་པོ་ཆགས་མེད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་ཚེ་དཔག་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་སྐོར་འདུག །