གཞས་པ་བློ་བློ་དང་གྲྭ་བློ་བཟང་སྦྱིན་པར་ཁྲིམས་ཆད།
ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལ་ལོ་དྲུག་གི་དུས་བཀག་ཁྲིམས་ཆད་དང་། ཁམས་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བློ་བཟང་སྦྱིན་པ་ལ་ལོ་ལྔའི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བློ་བཟང་སངས་རྒྱས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༩ ཚེས་༡ ཉིན་འཛིན་བཟུང་བྱས་པའི་ཁམས་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་ཁོངས་སུ་གཏོགས་པའི་ཉ་མཚོ་ཟིལ་དཀར་དགོན་གྱི་དགེ་འདུན་པ་ལྔ་འཇུ་བཟུང་བྱས་པའི་ནང་ནས། དབང་པོ་སྐྱོན་ཅན་ཡིན་པ་གྲྭ་ངག་དབང་སྨོན་ལམ་ཟླ་བ་གཅིག་གི་རྗེས་སུ་གློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་བཙོན་དུ་བཅུག་ནས་ཟླ་བ་འགའ་ཤས་སོང་བའི་རྗེས་སུ། གྲྭ་བློ་བཟང་སྦྱིན་པ་དང་ཚུལ་ཁྲིམས་སྐལ་བཟང་གཉིས་ལ། བཙོན་ཁང་དུ་ཉེས་རྡུང་ཚད་མེད་བཏང་རྐྱེན་སྐུ་གཟུགས་ལ་གནོད་སྐྱོན་ཚབས་ཕོག་པར་བརྟེན། གནས་སྐབས་བཙོན་ནས་ཀློད་གྲོལ་བཏང་དགོས་བྱུང་ཡོད་པ་རེད།
ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༣ ཉིན་གྲྭ་བློ་བཟང་སྦྱིན་པ་སླར་ཡང་རང་དགོན་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ། ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་འདུག་པ་དང་ཁོང་རང་ལོ་༣༡ ཡིན་འདུག ཕ་མིང་རྟ་རྒྱལ་དང་མ་མིང་ལ་པདྨ་མཚོ་མོ། ད་ལྟའི་ཆར་གནས་ཚུལ་ཛ་དྲག་པོའི་རྐྱེན་གྱིས། ས་གནས་གང་དང་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་གསལ་པོ་ཐུབ་ཀྱི་མི་འདུག།
ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡༩ ཁམས་ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློས། ༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽ ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ན། ༡༽ ཕ་ལམ་གས་ཆག་ཤོར་བའི་མིག་ཆུ། ༢༽ ཕ་ས་ཤོར་བའི་དབུགས་རིང་། ༣༽པཎ་ཆེན་ལགས། ༤༽ ཕེབས་ཤོག ༥༽བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༦༽ སྡེ་དགོན་ཟུང་། ༧༽བདེན་གཏམ། ༨༽ རེ་སྒུག་གི་ལོ་ཟླ། ༩༽ ངའི་ཚེ་སྲོག ༡༠༽ མཛའ་གཞས། ༡༡༽ མ་འོངས་རྒྱལ་ཁའི་རྩ་བ། ༡༢༽ མདུན་ལམ། ༡༣༽ ལེགས་ཚོགས་རབ་བཀྲ། ༡༤༽ བཀྲ་རེ་ཤིས། བཅས་གཞས་སྣ་ཁག་༡༤ཙམ་ཡོད་འདུག
ལྷག་པར་ཁོང་གི་༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽ཞེས་པའི་གཞས་དེའི་གཞས་ཚིག་ནི། བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། དོན་བདེན་པ་དབུ་མའི་ལམ་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། གངས་དཀར་པོའི་ལ་རྒྱ་སྐྱོང་བའི་ཕྱིར། བོད་རང་བཙན་གཙང་མ་འཐོབ་པའི་སླད། དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༧སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། བོད་གཞིས་བྱེས་ལྷན་འཛོམས་འབྱུང་བའི་སླད། སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། སེང་གངས་རིས་བརྒྱན་པའི་དར་ཆ་འདི། བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། བྲིས་ཡོད་འདུག་པ་དང་གླུ་བ་བློ་བློ་ལགས་ཀྱི་ཕའི་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང༌། མའི་མིང་ལ་ཆོས་སྐྱིད་སྒྲོལ་མ་ཡིན་པ་དང༌ཁོང་ཉིད་ད་ལྟ་རང་ལོ་ ༣༠ ཡིན་འདུག
སྔོན་ཁོང་རྒྱ་གཞུང་གིས་འཛིན་བཟུང་རྗེས། གློད་གྲོལ་ཐོབ་ཡོད་ཀྱང་། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༣ ཉིན་སླར་ཡང་རྒྱ་ནག་དམར་པོ་གཞུང་གིས་བཙན་ཁྲིད་བྱས་ཏེ། བཙོན་འཇུག་ཁྲིམས་ཐག་ལོ་དྲུག་བཅད་འདུག། ད་ལྟའི་ཆ་ས་གནས་དང་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་གསལ་པོ་ཐུབ་ཀྱི་མི་འདུག།
གནས་ཚུལ་འགྲེལ་བརྗོད་པས། “གང་ལྟར་ཡང་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་དགེ་འདུན་པ་དང་གཞས་པ་སོགས་ལ་འདི་ལྟར་ཁྲིམས་ཐག་གཅོད་བཞིན་ཡོད་པ་དང་། ཁྲིམས་ཐག་མ་གཅོད་པའི་སྔོན་དུ་བཙོན་ཁང་ནང་ཉེས་རྡུང་ཚད་མེད་བཏང་ནས་ཤི་མིན་རོ་མིན་གྱི་ནང་མི་ཚོར་རྩིས་སྤྲད་དང་། དེ་ནས་སྨན་བཅོས་སོགས་ཀྱི་འགྲོ་སོང་ཆེན་པོ་བཏང་ནས་དྲག་བསྐྱེད་བྱུང་སྐབས། སླར་ཡང་བཙོན་འཇུག་བྱས་པ་དེ་དག་ནི་བོད་མི་རིགས་ལ་མཐོང་ཆུང་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས། བོད་མི་སྤྱི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁོང་རྣམ་པ་བཙོན་གྲོལ་ཡོང་བར་རོགས་རམ་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག །
http://www.tibetexpress.net/bo/home/2010-02-04-05-37-19/8045-2012-04-21-13-26-29
http://www.tibetexpress.net/bo/home/2010-02-04-05-37-19/9131-2012-09-03-13-44-24