བོད་མི་ཞིག་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད།

ཕྱི་ཟླ་༣ ཚེས་༨ ཉིན་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་གནུབ་གཟུར་ཡུལ་ཚོའི་པདྨ་ཞེས་པ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟའི་ཆར་ཁོང་གི་གནས་ཚུལ་གསལ་རྟོགས་མེད་པ་རེད།

ཕྱི་ལོ་༢༠༡༢ ཟླ་༡ ཚེས་ཚེས་༢༤ ཉིན་གསེར་རྟ་རྫོང་ཐོག་ཏུ་མི་མང་གིས་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གིས་དྲག་གནོན་བྱས་ཏེ། མི་མང་པོར་རྨས་སྐྱོན་བྱུང་བ་མ་ཟད། གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་དམར་གསོད་བཏང་བའི་ཉིན་པདྨ་ཡང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་མེ་མདའ་བརྒྱབ་སྟེ་ཁོང་གི་ལག་པར་རྨེས་སྐྱོན་ཕོག་ཡོད་ནའང་། ཁོང་རི་སྒང་དུ་བྲོས་བྱོལ་ལ་སོང་སྟེ་བསྡད་ཡོད་འདུག བར་ལམ་རྒྱ་ནག་གཞུང་གིས་ནང་མིར་མགོ་བཏག་ཞུས་ན་གུ་ཡངས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ད་ལྟ་འབྲེལ་ཡོད་ཀྱིས་གང་དུ་ཁྲིད་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།  པདྨ་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གནུབ་ཟུར་ཡུལ་ཚོ། ཨ་སྐྱབས་སྡེ་པ་ནས་ཡིན་པ་དང་། ཕའི་མིང་ལ་ཏེ་པོ་དང་། མའི་མིང་ལ་ནོར་རྒྱུན་ཟེར་གྱི་ཡོད་འདུག ད་ལྟ་རང་ལོ་༢༢ ཡིན་འདུག །

http://www.tibetexpress.net/bo/home/2010-02-04-05-37-19/7462-2012-02-02-13-43-31