རྡོག་རྩ་གཅིག་ཏུ་སྒྲིལ་ནས་ལས་འགུལ་སྤེལ་རོགས།

belkob_2013_3_18ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོག་མེད་ཀྱིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གི་འདས་གྲོངས་སུ་སོང་བར་གདུང་སེམས་མཉམ་བསྐྱེད་ཆེད། སྨོན་ལམ་དགོང་ཚོགས་ཤིག་འཚོགས་ཡོད་པ་ཡོད་པ་རེད།

belkob1_2013_3_18སྨོན་ལམ་དགོང་ཚོགས་དེའི་སྐབས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་མི་མང་ལ་གྲྭ་བློ་བཟང་ཐོག་མེད་ཀྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་གསུང་དོན། “མི་ལུས་ཟེར་བ་དེ་གསེར་ལས་དཀོན་པ་ཡོད་པ་ཚང་མས་ཤེས་ཀྱི་རེད། ཡིན་ནའང་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་གི་ཡོད་རེད། དེར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། བོད་ཀྱི་རྩ་དོན་ཐོག་ཉིན་རེ་ནས་ཉིན་རེ་བཞིན། ཆུ་ཚོད་རེ་རེ་བྱས་ནས་འགན་ཁུར་དང་། ལས་འགུལ་སྣ་མང་སྤེལ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ”ཞེས་བརྗོད་སོང་།

གཞན་ཡང་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གི་མི་མང་གིས་ཀྱང་། གྲྭ་བློ་བཟང་ཐོགས་མེད་ཀྱིས་རང་ལུས་མེར་སྲེག་གནང་ནས་སྐུ་གྲོངས་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་གསོག་སྒྲུབ་བྱས་པ་དང་ཆབས་ཅིག ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་སྐབས་སུ་ཟླ་གསུམ་པའི་ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་བ་ཁུལ་དུ་རྒྱ་དམག་གིས་བོད་མི་སྡེབ་གསོད་བྱས་པ་སོགས་ཀྱིས་མཚོན་པའི་བོད་ནང་བྱུང་བའི་ཡ་ང་བའི་གནས་སྟངས་ཁག་ལ་ཕྱིར་དྲན་དང་བསྔོ་སྨོན་གནང་ཡོད་འདུག

མེ་སོར་གསར་འགོད་པས།