སུད་སིའི་མི་མང་ལ་༧ས་སྐྱ་གོང་མའི་བཀའ་དབང་།
༧ས་སྐྱ་གོང་མ་རིན་པོ་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༧ཉིན་སུད་སིའི་གྲོང་ཁྱེར་ཛུ་རེ་ཆི་(Zurich)ནང་དུ་ཡོད་པའི་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་ཕྲག་གསུམ་ཙམ་ཞིག་ལས་དྲག་པོ་གསུམ་སྦྲེལ་ལམ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་ཡོད་པ་རེད།
བཀའ་དབང་གྲུབ་མཚམས་རིན་པོ་ཆེས་མི་མང་ལ་བཀའ་སློབ་གནང་སྐབས། མི་མང་ལ་འཚམས་འདྲི་གནང་བ་དང་འབྲེལ། སྤྱིར་བཏང་ང་ཚོས་མི་བསླུ་བ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་རྒྱུ་གལ་ཆེན་པོ་རེད། གཙོ་བོ་སོ་སོར་རང་ཉིད་ཀྱི་དཀའ་ལས་རྒྱག་དགོས་ཀྱི་རེད་ཅེས་དང། དུས་སྐབས་འདིར་སྤྱིར་འཛམ་གླིང་ཡོངས་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བཟོད་པ་དཀའ་བའི་གནས་སྟངས་འདི་འདྲ་ཞིག་ཏུ་སླེབས་ཚེ་ང་ཚོས་གང་ཐུབ་ཐུབ་དེ་བྱེད་དགོས་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ས་ཆ་གང་འདྲ་ཞིག་ཏུ་གནས་དགོས་ཀྱང་བོད་མི་རིགས་ཀྱི་མཐུན་མིན་གྱི་གཤིས་ཀ་ཡ་རབས་སྤྱོད་བཟང་བྱེད་རྒྱུ་དེ་ཚོ་འདོར་མི་ཉན་རྒྱུ་དེ་གལ་ཆེན་པོ་ཞིག་རེད་ཅེས་གསུངས་སོང།
བཀའ་དབང་གྲུབ་མཚམས་མི་མང་ལ་མཇལ་ཁ་གནང་ཡོད་པ་དང་། བཀའ་དབང་དེའི་གོ་སྒྲིག་གཙོ་བོ་ས་སྐྱའི་མཁན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་ཆོས་ཚོགས་ནས་གནང་བ་དང་། སུད་སི་དང་ལེཀཊན་ཤེ་ཏྲན་བོད་རིགས་མི་མང་ནས་ཕྱག་རོགས་གནང་ཡོད་འདུག།
ཕྱི་ཚེས་༡༨ཉིན་ ༸གོང་མ་རིན་པོ་ཆེ་གང་ཉིད་ཧྥ་རན་སུ་ལ་ཕེབས་རྒྱུ་དང་། དེའི་རྗེས་སེ་པན་ལ་ཕེབས་སྟེ། ཡུ་རོབ་ཕྱོགས་ཀྱི་མཛད་རིམ་ཁག་གྲུབ་མཚམས་ཨ་རིར་ཕེབས་རྒྱུ་ཡིན་འདུག
གནས་ཚུལ་སུད་སི་ནས་སྟག་ལྗོངས་འཆི་མེད་ཀྱིས་མཁོ་གཏོང་བྱས།