སྨྲ་བརྗོད་རང་དབང་དང་ལག་ཆ།

སེར་ཤུལརིན་ཆེན་དོན་གྲུབ།

ངས་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་ཆེར་བྱས་མ་མྱོང་། འོན་ཀྱང་ཁྲིམས་ལུགས་མཁས་པ་སྲིད་སྐྱོང་བློ་བཟང་སེང་གེའི་ཁྲིམས་ལུགས་སྐོར་གྱི་གསུང་བཤད་ཅིག་དྲན་གྱི་འདུག ཁོང་གི་གསུང་དོན། “སྨྲ་བརྗོད་རང་དབང་ཞེས་པ་ནི་ཁྲིམས་ལུགས་ནས་བཤད་ན། གང་དྲན་པ་དེ་ཇི་ལྟར་བཤད་བཤད་མ་ཡིན་པར་ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་པའི་ཐོག་ནས་གང་ཡང་བཤད་ཆོག་པ་ལ་ཟེར།” གསུང་ཚིག་ཇི་བཞིན་ཡིན་མིན་མ་ཤེས་ཀྱང་དོན་དག་ཏག་ཏག་ཡིན།

སྨྲ་བརྗོད་རང་དབང་ཞེས་པ་ལ་འདི་འདྲའི་ངོས་འཛིན་ཞིག་བྱས་ནས་ད་ལྟའི་ང་ཚོའི་སྤྱི་ཚོགས་བལྟས་ན་ཡང་དག་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་ནི་ཧ་ཅང་ཉུང་བའི་སྣང་བ་ཡང་ཡང་འབྱུང་། ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་པ་ཟེར་བ་དེ་ངས་གོ་ཚོད་ལྟར་ན། དྲང་བདེན་དང་། དངོས་ཡོད་ཞིབ་འཇུག་ཚོད་མཐོའི་ཐོག་ནས་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་དབྱེ་འབྱེད་སོ་སོར་བྱས་རྗེས་འདོར་ལེན་དང་སྐྱོན་བརྗོད་ཀྱི་སྨྲ་ལྕེ་གཡོ་བ་འམ་བྱ་སྤྱོད་གང་ཞིག་བརྩམས་པ་ལ་ཟེར། དེས་ན་མི་སུ་ཞིག་གིས་རང་ཉིད་ཀྱིས་ཁྲིམས་ཀྱི་འགན་ཁུར་དང་། ཡང་དག་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་འདོད་ཡོད་ཚེ་ཐོག་མར་དེ་གཉིས་ཤེས་པ་དགོས་པ་གལ་ཆེན་རེད། མང་གཙོའི་སྤྱི་ཚོགས་ནང་ངམ། ཡང་ན་སྨྲ་བརྗོད་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་གི་ནང་དུ། མང་གཙོ་ཡིན་པ་དང་། སྨྲ་བརྗོད་རང་དབང་ཡོད་པའི་རྒྱུ་མཚན་གྱིས་དོན་དངོས་དབྱེ་ཞིབ་ལ་རྨོངས་པའམ། རྒྱུ་མཚན་དང་དོན་དངོས་ཀྱི་ལྡོག་ཕྱོགས་སུ་གནས་པའི་བརྗོད་པ་དེ་ཚོས་དུས་ནམ་ཡང་མང་གཙོ་དང་། རང་དབང་ཟེར་བའི་ཚིག་འབྲི་གཉིས་ཀྱི་བརྗོད་དོན་དངོས་ཀྱི་དོན་དམ་རང་བཞིན་ལ་ན་ཟུག་སློང་བཞིན་ཡོད། དེས་ན་རང་ཉིད་ཀྱིས་གང་ཞིག་བརྗོད་པ་དེ་དངོས་ཡོད་དང་། ཁྲིམས་ལུགས། དཔང་རྟགས་བཅས་ཀྱི་ཐོག་ནས་གང་ཞིག་བཤད་དགོས་པ་དང་། གང་ཞིག་བཤད་མི་འོས་པའི་ཐག་གཅོད་བྱས་རྗེས་གཞི་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་དགོས་པ་ཡིན། བསམ་བློ་འདི་དང་གོ་རྟོགས་འདི་མེད་སྟབས་དེང་སྐབས་ང་ཚོའི་སྤྱི་ཚོགས་རྒྱུ་མཚན་དང་། ཁུངས་ལུང་ཡོད་མེད་ལ་མ་ལྟོས་པར་སྐྱོན་བརྗོད་བྱེད་ཐུབ་ན་སྨྲ་བརྗོད་རང་དབང་ཡང་དག་པར་ལོངས་སུ་སྤྱོད་བཞིན་པའི་སྣང་བ་འཁྲུལ་བཞིན་ཡོད། ཁྱེད་རང་གིས་སུ་ལའང་སྐྱོད་བརྗོད་བྱེད་ཆོག  ༸གོང་ས་མཆོག་ལའང་སྐྱོན་བརྗོད་བྱེད་ཆོག  ནང་ཆོས་ལའང་སྐྱོན་བརྗོད་བྱེད་མཆོག  བོད་གངས་ཅན་པའི་ཡོད་ཚད་ཀྱི་ཡོད་ཚད་ལ་སྐྱོན་བརྗོད་བྱེད་ཆོག  རེད་དེ་ཁྱེད་རང་ལ་ཁྲིམས་ལུགས་དང་། དོན་དངོས་ཀྱི་རྒྱབ་ལྗོངས་ཡོད་དགོས། གལ་སྲིད་སུ་ཞིག་གིས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་སྐྱོན་བརྗོད་བྱས་ན་དེས་མ་ཐ་ཡང་༸གོང་ས་མཆོག་གི་དགོངས་གཞི་རྟོགས་དགོས་ལ་༸གོང་ས་མཆོག་གིས་དེའི་སྐོར་ལ་དགོངས་པ་བཞེས་པ་དེའི་བརྒྱ་ཆ་གང་འཚམ་ཞིག་ལ་ཞིབ་འཇུག་དང་། བསམ་བློ་གཏོང་དགོས། ད་དུང་གནད་དོན་དེའི་ཐོག་ལ་༸གོང་ས་མཆོག་ནང་བཞིན་ཉམས་མྱོང་དང་ཤེས་ཡོན་ཡོད་པ་ཞིག་དགོས།

གལ་སྲིད་༸གོང་ས་མཆོག་དང་སློབ་སྦྱོང་དང་། ཉམས་མྱོང་། ཤེས་ཡོན་སོགས་གང་ཅིའི་ཆ་ནས་ཆེས་རྒྱང་རིང་དུ་གནས་པ་ཞིག་གིས་༸གོང་ས་མཆོག་གི་དགོངས་ཇི་ལྟར་རྟོགས་སམ། ༸གོང་ས་མཆོག་གི་ནོར་འཁྲུལ་ཇི་ལྟར་ཤེས་ཐུབ་བམ། སུ་ཞིག་གིས་དེ་ལྟར་བྱེད་པ་ནི་གནས་ལུགས་དང་མཐུན་པ་ཞིག་གཏན་ནས་མ་རེད། ཕྱོགས་གཞན་ཞིག་ནས་བསམ་ན་རང་ཉིད་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་ངན་བརྗོད་བྱེད་པའི་ཤེས་ཚད་དང་། གོ་སྐབས་འདི་ཡང་༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་གྱིས་བསྐྲུན་པ་ཡིན་པས་བཀའ་དྲིན་བསམ་ཤེས་དང་། འགྲོ་བ་མིའི་གཞི་རིམ་བཟང་སྤྱོད་ཀྱི་གོ་རྟོགས་དང་ཉམས་ལེན་ཙམ་ཡང་མེད་པར་མི་རིགས་དང་། རྒྱལ་ཁབ་བཤད་པར་ངོ་མི་ཚ་འམ།  དེ་སྔོན་མི་མང་པོ་ཞིག་གིས༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཚོང་བ་རྒྱགས་པ་ཟེར་ནས་མཚན་སྨོད་ཞུས་པ་རེད། དེང་སྐབས་ཁོང་ལ་མི་རིགས་ཀྱི་དཔའ་བོ་ཟེར་ནས་བསྟོད་བསྔགས་འབུལ་བཞིན་ཡོད། ཅིའི་ཕྱིར་ཁོང་ཚོང་བ་རྒྱགས་པ་ཆགས་པ་རེད། ཡང་ཅིའི་ཕྱིར་མི་རིགས་ཀྱི་དཔའ་བོ་ཆགས་པ་རེད། ཁོང་གི་དགོངས་གཞི་མི་ཤེས་མཁན། ཁོང་གི་གོ་རྟོགས་ལ་མ་སྙོབ་མཁན། ཁོང་གི་ལེགས་མཛད་མི་ཤེས་སྐོར་ཞིག་གིས་ཁོང་ལ་སྒྲོ་སྐུར་བྱས། ཁོང་ལ་ཚོང་པ་རྒྱགས་པ་ཞུས། དེ་ཤེས་དམན་གཞི་རིམ་མི་མང་སྟེ་ལག་ཆར་གྱུར་བའི་མི་ཚོགས་ཀྱིས་བསྒྲགས། དེ་ལྟར་བྱས་ནས་བྱུང་བ་རེད། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་བསླབ་བྱ་འདི་ཚོར་བསམ་ཞིབ་བྱ་དགོས། དེང་སྐབས་གཞི་རིམ་མི་མང་གི་ཁྲོད་དང་། ལྷག་པར་དུ་གདན་ས་ཁག་ཏུའང་ནང་ཆོས་ལ་ཞེན་པ་ལོག་མཁན་དང་། མི་རྟག་པ་དང་། ལས་རྒྱུ་འབྲས་བཤད་ན་བླུན་རྨོངས་རང་བཞིན་གྱི་ལྟ་ཚུལ་འཛིན་མཁན་ཡོང་བཞིན་འདུག  འགྲོ་བ་མིའི་ཁམས་མོས་རང་བཞིན་གྱི་ཆོས་ཉིད་གནས་ལུགས་ལ་བསམ་ན་གནས་ཚུལ་འདི་ཚོར་ཧང་སང་དགོས་པ་གང་ཡང་མ་རེད།

འོན་ཀྱང་ཁོང་ཚོའི་ནང་ཆོས་ཀྱི་ཤེས་ཚད་དང་། ཉམས་ལེན་གྱི་གྲུབ་འབྲས། ཐ་ན་གཞི་རིམ་ནང་ཆོས་ཀྱི་གོ་རྟོགས་བཅས་ཧ་ཅང་དམའ་ན་ཡང་ད་དུང་སྨྲ་བརྗོད་རང་དབང་གི་ངར་སྐད་འོག་ནས་འདི་ལྟར་བཤད་ཡོང་དུས། དེང་གི་དུས་འདིར་གཞི་རིམ་མི་མང་གང་མང་ཞིག་ཆབ་སྲིད་པ་དང་། མིང་གྲགས་ཅན་གྱི་ལོག་བཤད་མཁན་སྐོར་ཞིག་གི་ལག་ཆར་འགྱུར་བཞིན་ཡོད་པ་གསལ་བོ་རེད། ང་ཚོའི་སྤྱི་ཚོགས་འདིར་མཚོན་ན་དོན་དངོས་རང་བཞིན་གྱི་དཀའ་གནས་གསལ་བཤད་དང་། འདྲ་ཆགས་གོ་སླ་ཡི་གཏམ་བཤད་རགས་པ་གཉིས་ལ་གཞི་རིམ་མི་མང་གི་བློ་ཁ་སྒྱུར་བའི་ནུས་པ་ཕྱི་མ་འདིར་ཆེ་བ་སྨོས་མེད་རེད། དེའི་རྒྱུ་མཚན་ནི། དཀའ་གནད་དང་། ཡང་དག་པའི་ལམ་ནི་གོ་རྟོགས་ཟུང་འབྲེལ་གྱིས་ཤེས་ཐུབ་པ་ལས་གཏམ་བཤད་ཐེངས་ཤས་ཤིག་གིས་རྟོགས་ཐུབ་པ་ཞིག་མ་རེད། བདག་གི་སྙིང་བའི་བོད་རིགས་སྤུན་ཟླ་ཚོ། དེང་བོད་མི་རིགས་ཀྱི་ཆེས་ཛ་དྲག་ཅན་གྱི་དུས་སྐབས་འདིར་ང་ཚོས་རང་རང་ས་ནས་གྲ་སྒྲིག་དང་། ཆོད་སེམས་ཀྱི་ཐོག་ནས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་ཡིད་ཆེས་དང་། རང་ཉིད་གཞན་གྱི་ལག་ཆར་མ་གྱུར་བའི་རྣམ་དཔྱོད་ཀྱི་ནུས་ཤུགས་བཏོན་ནས་མདུན་སྐྱོད་བྱེད་རོགས་ཞུ།

རང་གི་ཤེས་འཇོན་ནུས་པ་ཆུང་ན་ཡང་།།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།
འདི་ནི་ད་ལྟའི་གལ་གནད་དང་པོ་ཡིན།།
བོད་རིགས་ཡོངས་ཀྱི་ཐུགས་ལ་འཛིན་རོགས་ཞུ།།

བོད་རྒྱལ་ལོ།།

༢༠༡༣/༣/༡༤ ལ།