རྒྱལ་སྤྱིའི་བརྒྱུད་ལམ་དུ་དངོས་ཡོད་གནས་ཚུལ་གཏོང་ཐབས་དགོས།
ཟླ་འདིའི་ཚེས་༢༡ ཉིན་དྷ་ས་མེག་གྷན་དུ་ད་ལྟའི་ཆར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མིར་རྒྱ་གཞུང་གིས་སྒོར་མོ་སྤྲད་དེ་ནང་མིའི་དཀའ་ངལ་ཡིན་སྐོར་བརྗོད་བཅུག་པ་དེར། རྒྱལ་སྤྱིའི་བརྒྱུད་ལམ་ནས་དོ་སྣང་བྱེད་བཞིན་ཡོད་པས། ང་ཚོས་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་ཐབས་དགོས་སྐོར་གསུངས་སོང་།
དེ་ཡང་ཟླ་འདིའི་ཚེས་ ༢༡ ཉིན་གྱི་ཉིན་གུང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན། ས་གནས་བུད་མེད་ཚོགས་པ་བཅས་ཀྱི་གོ་སྒྲིག ངྷ་ས་མེག་གྷན་ཁྲོམ་གཞུང་དུ་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་དང་། ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ། རང་ལུས་མེར་སྲེག་ག་ངོ་རྒོལ་དེ་ནང་མིའི་དཀའ་ངལ་ཡིན་སྐོར་བརྗོད་དེ། དེ་ལྟར་ངོས་ལེན་མ་བྱས་ཚེ་བཙོན་འཇུག་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ངོ་རྒོལ་ཡོད་ཅེས་ལས་འགུལ་གོ་སྒྲིག་པས་གསུངས་སོང་།
ཟླ་འདིའི་ཚེས་ ༡༣ ཉིན་མདོ་སྨད་མཛོད་དགེ་རུ་དཀོན་མཆོག་སྒྲོལ་མས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་པར། རྒྱ་ནག་སྲིད་འཛིན་བསྐོ་བཞག་གི་སྐབས་དང་ཁེལ་ཡོད་ཅིང་། རྒྱ་གཞུང་གིས་ཁོང་མོའི་རང་སྲེག་བྱེད་དོན་ནི་བཟའ་ཚང་ནང་ཁུལ་མ་འཆམ་པ་ལས་བྱུང་བའི་འཁྱོག་བཤད་བྱས་པ་དང་། སྐབས་དེར་ཁོང་མོའི་ཁྱོ་ག་སྒྲོལ་མ་སྐྱབས་ལ་དེ་ལྟར་བརྗོད་དགོས་སྐོར་ལ་སྐུལ་མ་བྱས་ཡོད་ནའང་། སྒྲོལ་མ་སྐྱབས་ཀྱིས་ཁས་ལེན་མ་བྱས་པས། ཁོང་རྒྱ་གཞུང་གིས་ཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་ཡང་འབྲེལ་བརྗོད་གནང་སོང་།
ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་མདོ་སྨད་གཙོད་ནས་ཡིན་པའི་སྒྲོལ་དཀར་མཚོས་རང་སྲེག་གཏོང་སྐབས་ཀྱང་། རྒྱ་གཞུང་གིས་ཁོང་མོའི་ཁྱོ་གར་རང་སྲེག་བྱེད་དོན་ཁྱིམ་ཚང་ནང་ཁུལ་གྱི་དཀའ་རྙོག་ཡིན་པར་ཁས་བླངས་ན། ཁོང་གི་ནང་མིར་རྒྱ་སྒོར་ཁྲི་༡༠༠ ལྷག་གི་རྔན་པ་སྤྲོད་རྒྱུ་ཡིན་བརྗོད་པ་སོགས་རྒྱ་ནག་གིས་འཁྱག་བཤད་སྣ་ཚོགས་བྱེད་བཞིན་ཡོད་འདུག །
སྐབས་དེར་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕེན་དང་། རྒྱ་དམག་གིས་བོད་མིར་དྲག་གནས་བྱེད་ཀྱི་ཡོད་སྐོར་སོགས་འཁྲབ་སྟོན་བྱས་ཡོད་པ་རེད།།