རྒྱལ་སྤྱིའི་ཊི་སྦིའི་ན་ཚའི་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༢༤ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་འཕྲོད་སྟེན་སྨན་ཁང་ཁག་ཐུན་མོང་གི་གོ་སྒྲིག་འོག འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་ཉིན་འགའི་སྔོན་དུ་ས་གནས་འཕྲོད་སྟེན་སྨན་ཁང་གི་ལམ་སྟོན་འོག་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ལག་རྩེད་སྤོ་ལོའི་རུ་ཁག་བར་རྕེད་འགྲན་བྱས་ཏེ། ཨང་རིམ་རྩེར་སོན་གཞིས་གྲོང་བཞི་དྲུག་གཉིས་ཀྱིས་ཉིན་འདིའི་ཞོགས་པ་ཆུ་ཚོད་༨ ཐོག་ཐ་མའི་འགྲན་བསྡུར་པདྨ་ཚལ་སློབ་གྲྭའི་ལག་སྤོར་རྩེད་ཐང་དུ་འགོ་འཙུགས་གནང་ནས་ཐ་མའི་རྒྱལ་ཁ་གཞིས་གྲོང་བཞི་པར་ཐོབ་སོང་ལ། དེ་ནས་ཆུ་ཚོད་༩ པའི་ཐོག་འཛམ་གླིང་ཊི་སྦི་ཉིན་མོ་སྲུང་རྩིའི་མཛད་སྒོ་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་འཚོགས་ཡོད་པ་རེད།
ཚོགས་ཐོག་ཏུ་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་རང་བདེན་ཚོགས་ཆུང་གི་སྐུ་ཚབ་དགེ་བཤེས་ངག་དབང་བློ་བཟང་། ས་གནས་འཕྲོད་སྟེན་སྨན་ཁང་གི་འགན་འཛིན་དང་སྨན་པ་རྣམས་པའི་གཙོས་ས་གནས་ཀྱི་སྨན་ཁང་ཁག་གི་ལས་བྱེད་རྣམས་པ་དང་གཞིས་གྲོང་ཁག་དགུའི་མི་མང་བཅས་མཉམ་འཛོམས་ཐོག་ཐོག་མར་མོན་གྷོ་ས་གནས་འཕྲོད་སྟེན་སྨན་གི་འགན་འཛིན་ངག་དབང་ཐུབ་བསྟན་གྱིས་འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩི་བྱེད་དགོས་པའི་དགོས་པ་དང་ལྷག་པར་དུ་དེའི་དམིགས་ཡུལ་གཙོ་མི་མང་ལ་ནད་གཞི་དེའི་འབྱུང་རྐྱེན་གཙོ་བོ་ཅི་ཡིན་དང་། སྔོན་འགོག་བྱེད་ཕྱོགས་བཅས་སུ་གོ་རྟོགས་སྤེལ་ཆེད་ཡིན་སྐོར་ལམ་སྟོན་གསུང་བཤད་གནང་གྲུུབ་པ་དང་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་རང་གཞུང་འཕྲོད་སྟེན་བཀའ་བློན་གྱིས་འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩིའི་ཐོག་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་གསུང་བཤད་གནང་ཡོད་པ་རེད།
འཕྲོད་སྟེན་སྨན་པ་བསྟན་འཛིན་ནོར་བཟང་གིས་མི་མང་ལ་ཊི་སྦི་ནད་གཞི་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་སྦྲགས་ཊི་སྦི་ནད་གཞི་བྱུང་སྟངས་དང་དེ་ནས་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་གྲུབ་པ་དང་། ལག་སྤོར་རྩེད་འགྲན་གྱི་ཨང་རིམ་རྩེར་སོན་པ་རུ་ཁག་གཉིས་ལ་མཇལ་དར་བསྒྲོན་འབུལ་དང་བྱ་དགའ་གསོལ་བསྩལ་གནང་བ་བཅས་ཉིན་འདིའི་མཛད་རིམ་ཡོངས་སུ་གྲུབ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།